ཇི་ནི་ཝར་ཨ་རིའི་གཞུང་ཚབ་ཆེན་མོས་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་།

སུད་སི་སྐུ་ཚབ་དོན་གཅོད་ནས་ཇི་ནི་ཝར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཆེན་མོའི་ལས་ཚབ་ལ་མཇལ་འཕྲད་དང་སྦྲགས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་སྐབས། ཁོང་གིས་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ཞེས་བརྗོད་འདུག

པར བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༤ ཉིན། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་གཉིས་ཀྱིས་ཇི་ནི་ཝར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཆེན་མོའི་ལས་ཚབ་ལྕམ་ཊི་རེ་ས་རེ་ཕི་ནར་ཊི་(Tressa Rae Finerty) དང་མཇལ་འཕྲད་གནང་འདུག་པ་དང།

སྐབས་དེར་ཁོང་རྣམ་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་མི་ཚོར་མུ་མཐུད་འཕྲད་བཞིན་པའི་དམ་དྲག དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག ཆོས་ལུགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུའི་གལ་གནད་སོགས། བོད་དོན་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་སྐོར་བཀའ་བསྡུར་གནང་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལྩམ་ཕི་ནར་ཊིས་བོད་དོན་ཐོག་སྔར་བཞིན་རྒྱབ་སྐྱོར་ཤུགས་ཆེར་ཡོད་པ་དང་། ཨ་རིས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཁས་ལེན་དང་། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་། ཐུན་མོང་མ་ཡིན་པའི་ཁྱད་ནོར་དང་སྲོལ་རྒྱུན་བཅས་གོང་མཐོར་གཏོང་བ་དང་སྲུང་སྐྱོབ་བྱེད་པར་ཨ་རིས་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱེད་བཞིན་ཡོད་པ་ནན་བརྗོད་གནང་ཡོད་འདུག

སྐུ་ཚབ་དོན་གཅོད་ནས་ཀྱང་ཁོང་ལ་༧གོང་ས་མཆོག་གི་ཕྱག་དེབ་གསར་པ་(Voice for the voiceless) ཞེས་པ་དེ་ཕུལ་ཞིང་། ཕྱག་དེབ་ནང་གི་ལེའུ་༡༦ པ་ལུང་འདྲེན་ཐོག་བོད་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་དགོངས་དོན་ལྟར་རྒྱ་ནག་སྲིད་གཞུང་གི་དཔོན་རིགས་ཁག་ཅིག་ལ་དམ་དྲག་ཉེས་ཆད་བཀལ་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།