ཅིའི་ཕྱིར་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ལ་སྲུང་བརྩི་དགོས་རེད།

ཨ་རིའི་སྲིད་འཛིན་འདེམས་ཐོན་སྐུ་ཞབས་ཌོ་ལན་ཊོམ་གྱིས་ཨ་རིས་རྒྱ་ནག་གོང་བུ་གཅིག་འགྱུར་གྱི་སྲིད་ཇུས་དེ་རྒྱུ་མཚན་གང་ལ་བརྟེན་ནས་བརྩི་སྲུང་བྱེད་དགོས་ཀྱི་ཡོད་པ་ཧ་གོ་ཡི་མེད་སྐོར་བརྗོད་འདུག་པ་དང་། དེ་ལ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་སྐྱོན་བརྗོད་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་ཨ་རིའི་བརྒྱུད་ལམ་ཞིག་གིས་སྐུ་ཞབས་ཊོམ་ལ་བཅར་འདྲི་བྱེད་སྐབས། ཁོང་ལ་རྒྱ་ནག་གོང་བུ་གཅིག་འགྱུར་གྱི་སྲིད་ཇུས་སྐོར་ལ་གོ་རྟོགས་ཆ་ཚང་བ་ཡོད་ཀྱང་། ཨ་རིས་རྒྱ་ནག་དང་ཚོང་ལས་ལྟ་བུའི་གྲོས་དོན་བཞག་ཐུབ་ན་མ་གཏོགས། གཞན་རྒྱུ་མཚན་གང་ལ་བརྟེན་ནས་སྲིད་ཇུས་དེར་མོས་མཐུན་བྱེད་དགོས་ཀྱི་ཡོད་པ་ཧ་གོ་ཡི་མེད་སྐོར་བརྗོད་ཡོད་འདུག

དེ་བཞིན་ཁོང་གིས་“རྒྱ་ནག་གིས་རྒྱ་སྒོར་འཛའ་བཅག་པ་དང་། ང་ཚོས་ཁོ་ཚོར་ས་མཚམས་ལ་དཔྱ་ཁྲལ་བཀལ་གྱི་མེད་ཁར། ཁོ་ཚོས་ང་ཚོར་དཔྱ་ཁྲལ་ཆེན་པོ་བཀལ་ནས་གྱོང་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད། དེ་བཞིན་ཁོ་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་དཀྱིལ་དུ་དམག་ས་ཆེན་པོ་རྒྱག་གི་ཡོད་ཁར། བྱང་ཀོ་རི་ཡའི་གནད་དོན་ཐད་ལ་ང་ཚོར་རོགས་པ་གཅིག་ཀྱང་བྱེད་ཀྱི་མེད་པ་རེད།”ཅེས་བརྗོད་ཡོད་འདུག

སྐུ་ཞབས་ཊོམ་གྱི་སྐད་ཆ་དེར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཅེས་པའི་ཐོག་གི་རྩོམ་ཞིག་ནང་། ཊོམ་ནི་ཕྱི་འབྲེལ་ལ་རྨོངས་པའི་བྱིས་པ་ཞིག་ཡིན་པ་དང་། རྒྱ་ནག་གོང་བུ་གཅིག་འགྱུར་གྱི་སྲིད་ཇུས་ལ་གྲོས་མོལ་ཡོང་ཐབས་མེད་པ། དེ་བཞིན་སྲིད་ཇུས་དེ་ཉོ་ཚོང་བྱ་རྒྱུ་མེད་པ། ཁོང་གིས་ཚོང་ལས་གཅིག་པུ་ཧ་གོ་ཡི་ཡོད་པ་འདྲ་བ། དེ་བཞིན་སྐུ་ཞབས་ཊོམ་ལ་ཉམས་མྱོང་མེད་པས་ཉེ་འགྲམ་གྱི་ལྟ་བ་མཁྲེགས་བཟུང་བ་ཚོས་ཤུགས་རྐྱེན་དང་སྟངས་འཛིན་བྱེད་སྲིད་པ་དང་། གལ་ཏེ་ཊོམ་གྱིས་སྲིད་ཇུས་དེ་ལ་རྩིས་མེད་བཏང་ཚེ། ཛ་དྲག་གི་གནས་སྟངས་ཆགས་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

སྐུ་ཞབས་ཊོམ་གྱིས་ཉེ་བའི་ཆར་ཐའེ་ཝན་གྱི་སྲིད་འཛིན་ཚེ་དབྱིང་ཝེན་དང་ཐད་ཀར་ཁ་པར་བརྒྱུད་སྐད་ཆ་བཤད་ནས། ཨ་རིའི་ལོ་མང་རིང་ཐའེ་ཝན་ལ་འཛིན་བཞིན་པའི་སྲིད་ཇུས་རྩིས་མེད་བཏང་ཡོད་པས། རྒྱལ་སྤྱིའི་ཐོག་གླེང་སློང་མང་པོ་འབྱུང་བཞིན་ཡོད་པ་རེད་ལ། ཁག་ཅིག་གིས་ཊོམ་གྱིས་རྒྱ་ནག་ལ་ཆེད་དུ་མངགས་ནས་ཁ་གཏད་གཅོག་གི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། མང་པོ་ཞིག་གིས་ཁོང་གིས་ཐའེ་ཝན་དེ་རྒྱ་ནག་དང་ཚོང་འབྲེལ་སོགས་ཀྱི་གྲོས་མཐུན་འཇོག་པར་ཆ་རྐྱེན་ཞིག་ལ་བེད་སྤྱོད་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།