ཇོ་ཁང་དུ་དད་ལྡན་མང་ཚོགས་ཆུ་ཚོད་གསུམ་རིང་དང་། ཡུལ་སྐོར་བ་ཆུ་ཚོད་བདུན་རིང་འགྲོ་ཆོག་པ་བཟོས་འདུག
བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་ནི་བོད་ཀྱི་ལྷ་ཁང་ཆེས་རྩ་ཆེ་ཤོས་དེ་ཡིན་ཞིང་། མདོ་དབུས་ཁམས་གསུམ་གྱི་དད་ལྡན་མང་ཚོགས་ཚོས་ཕྱག་མཆོད་འབུལ་དང་སྐོར་བ་བྱེད་ཡུལ་གཙོ་བོ་དེ་ཡིན། འོན་ཀྱང་། རྒྱ་ནག་གཞུང་གི་བཀའ་ཁྱབ་གསར་པ་ཞིག་གི་ནང་། “ཉིན་རེའི་ཞོགས་པའི་ཆུ་ཚོད་ 8: 00 ནས་ 11: 30 བར་མཆོད་མཇལ་བར་སྒོ་ཕྱེ་རྒྱུ་”དང་། དེ་ནས་“ཉིན་གུང་ཆུ་ཚོད་ 12: 00 ནས་ཕྱི་དྲོའི་ཆུ་ཚོད་ 7: 30 བར་ཡུལ་སྐོར་བར་སྒོ་ཕྱེ་རྒྱུ་”བྱས་འདུག
ཕྱི་ཟླ་ ༥ ཚེས་ ༡༧ ཉིན་“གཙུག་ལག་ཁང་དོ་དམ་ཨུ་ཡོན་ལྷན་ཁང་”གིས་གཙུག་ལག་ཁང་གི་སྒོ་འབྱེད་ཕྱོགས་དང་འབྲེལ་བའི་གསལ་བསྒྲགས་ཤིག་བོད་རྒྱའི་སྐད་ཡིག་གཉིས་ཀྱི་ཐོག་ནས་སྤེལ་བའི་ནང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀར་ཤུགས་སྣོན་རྒྱག་ཆེད། “མཆོད་མཇལ་བ་དང་ཡུལ་སྐོར་བར་སྔ་ཕྱི་སོ་སོར་སྣེ་ལེན་བྱེད་རྒྱུ་ཡིན་”ཞེས་བསྒྲགས་འདུག
གསལ་བསྒྲགས་དེའི་ནང་། “2021 ལོའི་ཟླ་ 5 ཚེས་ 19 ཉིན་ནས་བཟུང་། ཉིན་རེའི་ཞོགས་པའི་ཆུ་ཚོད་ 8: 00 ནས་ 11: 30 བར་མཆོད་མཇལ་བར་སྒོ་ཕྱེ་རྒྱུ་ལས། དུས་ཚོད་དེའི་ནང་ཡུལ་སྐོར་བར་སྒོ་ཕྱེ་རྒྱུ་མིན། ཉིན་གུང་ཆུ་ཚོད་ 12: 00 ནས་ཕྱི་དྲོའི་ཆུ་ཚོད་ 7: 30 བར་ཡུལ་སྐོར་བར་སྒོ་ཕྱེ་རྒྱུ་ལས། དུས་ཚོད་དེའི་ནང་མཆོད་མཇལ་བར་སྒོ་ཕྱེ་རྒྱུ་ཡིན་པས། ཚང་མས་བཀོད་སྒྲིག་ལ་བརྩི་སྲུང་དང་རྒྱབ་སྐྱོར་གཞོགས་འདེགས་གནང་རྒྱུའི་རེ་བ་ཞུའོ།”ཞེས་འཁོད་འདུག
བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་རྨེག་མེད་བཏང་ནས་“རྒྱ་ནག་ཅན་”དུ་སྒྱུར་རྒྱུའི་དམིགས་ཡུལ་ཁོ་ན་འཛིན་བཞིན་པའི་རྒྱ་ནག་གིས། བོད་ཀྱི་གནས་རི་དང་ལྷ་ཁང་རྩ་ཆེན་དག་ལ་ཆེད་དུ་ཡུལ་སྐོར་བ་འབོར་ཆེན་བཏང་ནས་ཡུལ་སྐོར་ལྟེ་གནས་ལས་གནས་རི་དང་ལྷ་ཁང་གི་རྣམ་པ་མེད་པར་སྒྱུར་ཐབས་བྱས་དང་བྱེད་བཞིན་ཡོད་པ་རེད།
ཉེ་ལམ་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་སྐུར་བྱེད་བཞིན་པའི་བརྙན་ཐུང་འགའ་ཤས་ནང་དུ། བོད་ཆས་གྱོན་ཞིང་ལག་སྐོར་ཐོགས་པའི་རྒྱའི་ཡུལ་སྐོར་བ་ཚོས་འདྲ་པར་ལེགས་པོ་ལེན་པའི་ཆེད། བོད་མི་ཚོའི་དད་གུས་དང་། ལུགས་སྲོལ་ལ་གུས་བརྩི་གཏན་མེད་པར་བར་སྐོར་གྱི་ལག་སྒྲིལ་མདུན་དུ་ལངས་ནས་སྐོར་བར་ཕེབས་མཁན་དང་། ལག་སྒྲིལ་སྐོར་མཁན་གྱི་རྒན་འཁོགས་ཚོར་བར་ཆད་བཟོ་བཞིན་ཡོད་པ་མཐོང་རྒྱུ་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།