ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ནད་དུག་སྔོན་འགོག་ལས་གཞིར་གདུང་སེམས་མཉམ་བསྐྱེད་གནང་འདུག

ཇོ་ནང་༧རྒྱལ་ཚབ་རིན་པོ་ཆེ་སྐྱབས་རྗེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་དབུར་བཞུགས་ཐོག་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་གྲྭ་ཚང་ནས་ད་སྐབས་འཛམ་གླིང་གང་ས་དང་ལྷག་པར་གནས་ཡུལ་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་འཕེལ་འགྲོ་བཞིན་པའི་ཉེན་ཁའི་སྐབས་འདིར། རྒྱ་གར་གཞུང་ས་གཉིས་དང་།  བཙན་བྱོལ་བོད་མིའི་གཞུང་སྒེར་གཉིས་ཀྱིས་ནད་ཡམས་སྔོན་འགོག་ཐད་རྒྱུ་ཚེགས་གང་ཐད་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་འབད་པ་ལྷོད་མེད་བྱེད་བཞིན་པར་བསྔགས་བརྗོད་གནང་བ་ཡོད་པ་དང་།  དེ་བཞིན་རྒྱ་གར་གཞུང་ས་གཉིས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུང་སོགས་ཀྱི་ནད་འགོག་ལམ་སྟོན་གནང་བ་ལྟར་དགོན་པའི་ངོས་ནས་ཐབས་གང་ཡོད་ཀྱིས་ལྷ་ཆབ་སྔོན་མོ་སོགས་ཞབས་རིམ་སྒྲུབ་པར་འབད་པ་ལྷོད་མེད་བྱེད་མུས་ཐོག

དེ་མིན་ད་ལན་ཛ་དྲག་གི་དུས་འདིར་་༸གོང་ས་མཆོག་གིས་ཉེ་ལམ་ཏོག་དབྱིབས་ནད་ཡམས་དང་འབྲེལ་གལ་ཆེའི་བཀའ་སློབ་དགོངས་དོན་ལྟར་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ནད་སྐྱོབ་ལས་གཞི་དེ་དག་ལ་གདུང་སེམས་མཉམ་སྐྱེད་དང་ཕྱར་གྲུ་མཉམ་འདེགས་མཚོན་བྱེད་དུ། ཧི་མ་ཅལ་མངའ་སྡེ་གཞུང་གི་ངལ་སེལ་ཐེབས་རྩར་ཞལ་འདེབས་ཧིན་སྒོར་ ༡,༠༠,༥༥༥/༠༠ འབུམ་གཅིག་དང་ལྔ་བརྒྱ་ལྔ་བཅུ་ང་ལྔ་དང་།     ནོར་གླིང་ས་གནས་བརྒྱ་དཔོན་གཙོས་ནད་ཡམས་དང་འབྲེལ་བའི་དྭངས་ཞབས་ལས་མི་ཡོངས་ལ་རྒྱབ་སྐྱོར་མཚོན་བྱེད་དུ་ཞལ་འདེབས་ཧིན་སྒོར་ ༥༠,༠༠༠/༠༠ ལྔ༌ཁྲི།  དེ་བཞིན་དུ་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་བསྔགས་བརྗོད་དང་འབྲེལ་རྒྱབ་སྐྱོར་མཚོན་བྱེད་དུ་ཧིན་སྒོར་ ༣༠,༠༠༣/༠༠ གསུམ༌ཁྲི་དང་གསུམ་གནང་འདུག གཞན་ཡང་དེ་གའི་ཉེ་འཁོར་རྒྱ་གར་ཡུལ་མི་ཉམ་ཐག་དཀའ་ངལ་ཅན་རྣམས་ལ་དཀའ་ཁག་སེལ་ཆེད་མཁོ་ཆས་བཟའ་འབྲུའི་རིགས་བགོ་འགྲེམས་སྦྱིན་གཏོང་གི་ལས་འགུལ་རྒྱ་ཆེན་ཞིག་སྤེལ་ཆེད་ཧིན་སྒོར་ ༡,༠༠,༠༠༠/༠༠ འབུམ༌གཅིག་དང་། ད་དུང་ས་གནས་ཀཱང་ར་རྗོང་གི་ངལ་སེལ་ཐེབས་རྩ་ཁང་དུ་ཞལ་འདེབས་ཧིན་སྒོར་༡,༠༠་༥༥༥་འབུལ་རྒྱུ་གཏན་ཁེལ་བྱུང་བ་རྣམས་སྡོམ་པའི་ཧིན་སྒོར་  ༣,༨༡,༡༡༣/༠༠ གསུམ་འབུམ་གཅིག་ཁྲི་གཅིག་སྟོང་གཅིག་བརྒྱ་བཅུ་གསུམ་ཞལ་འདེབས་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།