ཇོ་ནང་པའི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་གནས་སྐབས་མཚམས་འཇོག

ཟླ་འདིའི་ཚེས་༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒོ་རུ་ཇོ་ནང་པའི་སྐྱ་སེར་དགུས་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་དགོས་སྐོར་བརྗོད་དེ། མི་དགུས་ཟས་བཅད་ལས་འགུལ་སྤེལ་བ་དེ་མཚམས་འཇོག་བྱས་ཡོད་པ་རེད།

jo2ཐེངས་འདིའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྐབས། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་ཏེ། གྲོས་ཚོགས་སྒོ་རུ་ཞི་འབོད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེའི་ཆེད་དུ་གྲོས་ཚོགས་ནང་བཞུགས་མོལ་ཚོགས་འདུ་ཐེངས་ཁ་ཤས་ལ་འཚོགས་རྗེས། སྲིད་སྐྱོང་དང་གྲོས་ཚོགས་ཚོགས་གཙོ་གཉིས་ཀྱིས་སྤྱི་ཡོངས་ཀྱི་གནས་སྟངས་གསལ་བཤད་དང་འབྲེལ་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་གནང་ཡོད་ནའང་། སྐབས་དེར་ལས་འགུལ་བས་ངོས་ལེན་བྱས་མེད་པ་རེད།

གྲོས་ཚོགས་སྒོ་རུ་མི་བརྒྱ་ལྷག་འཛོམས་ནས་ཞི་འབོད་འགུལ་ལས་འགུལ་སྤེལ་ཏེ་ཉིན་བཅུ་དང་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་ནས་ཉིན་༨ འགྲོ་ཡི་ཡོད་པ་དང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་ཇོ་ནང་པའི་སྐུ་ཚབ་དམིགས་བསལ་ཙམ་མ་ཡིན་པར་ཇོ་ནང་པར་ཚོགས་ཞུགས་པ་མང་དུ་གཏོང་རྒྱུ་དང་། ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་ནང་ཇོ་ནང་པའི་སྐོར་འཁོད་ཐབས། ཆོས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་གྱི་སློབ་མ་སྔོན་མ་ཆོས་བརྒྱུད་གཞན་ཁག་ལ་གཉིས་ཡོད་ན། ཇོ་ནང་པར་གཅིག་ལས་མེད་པས། དེའི་གྲངས་ཀ་གཅིག་གྱུར་བཟོས་རྒྱུ་ཞལ་བཞེས་གནང་ཡོད་པས། ཐེངས་འདིའི་ལས་འགུལ་གནས་སྐབས་མཚམས་འཇོག་རྒྱུ་ལས། ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཆ་ཚང་མ་རག་པར་མ་འོངས་པར་ཡང་གྲོས་ཚོགས་འཚོག་སྐབས་ལས་འགུལ་མི་མཐུད་སྤེལ་རྒྱུ་ཡིན་ཞེས་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོས་འགྲེལ་བརྗོད་གནང་སོང་།

ལས་འགུལ་མཚམས་འཇོག་སྐབས་ཟས་བཅད་ལས་འགུལ་བ་རྣམས་ལ་རྣམས་ལ་སྲིད་སྐྱོང་བློ་བཟང་སེང་གེ་དང་། གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་གཟིགས་སྐོར་གནང་བ་དང་འབྲེལ་ཆུ་བཏུང་བཅུག་སྟེ་ལས་འགུལ་མཇུག་བསྡུས་ཡོད་པ་རེད།

jo1ཇོ་ནང་པས་དགོས་འདུན་དོན་ཚན་བདུན་བཏོན་པའི་ཐོག་གྲོས་ཚོགས་ཀྱིས་ལན་འདེབས་གསལ་བཤད་ཅིག་གནང་ཡོད་པའི་དོན་ཚན་དང་པོ། ཇོ་ནང་པས་“ཆོས་རིག་ལས་ཁུངས་ཀྱིས་གཙོས་བཙན་བྱོལ་ནང་ཡོངས་གྲགས་སུ་བཀོལ་སྤྱོད་བྱེད་གཞིན་པའི་ཆོས་བརྒྱུད་ཆེན་པོ་གཞི་དང་གཡུང་དྲུང་བོན་དང་བཅས་པ་ཞེས་པའི་ཐ་སྙད་དེ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་བཅས་པ་ཞེས་པར་བསྐྱར་བཅོས་བྱ་དགོས་”ཞེས་འཁོད་པའི་ལན་དུ། “དེ་ལྟར་ཡོང་བ་ལ་ཆོས་དོན་ལྷན་ཚོགས་ཀྱི་སྒྲིག་གཞིར་བསྐྱར་བཅོས་བྱ་དགོས། ཡིན་ནའང་སྒྲིག་གཞི་འདིའི་བསྐྱར་བཅོས་ཆ་རྐྱེན་ནང་ཆོས་དོན་ལྷན་ཚོགས་ཀྱི་རྒྱབ་གཉེར་ལྟར་བྱེད་དགོས་པ་གསལ་བས་ད་བར་ཆོས་དོན་ལྷན་ཚོགས་འཛུགས་ཐུབ་མེད་པས་གྲོས་ཚོགས་ནས་བསྐྱར་བཅོས་གནང་ཐབས་བྲལ་”ཞེས་འཁོད་ཡོད་པ་རེད།

དོན་ཚན་གཉིས་པ། “དམིགས་བསལ་ཚོགས་ཆེན་དང་བོད་གཞུང་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སོགས་ཀྱི་སྟེང་ ས་དགེ་བཀའ་རྙིང་སོགས་ལ་ཆོས་བརྒྱུད་སྤྱི་འཐུས་གཉིས་ཀྱི་ཐོག་མི་གྲངས་དྲུག་གི་ས་མིག་ཡོད་པ་ལྟར། ཇོ་ནང་པར་དམིགས་བསལ་གྱི་ས་མིག་གཅིག་ཙམ་མ་ཡིན་པར་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་དགོས་”ཞེས་པའི་ལན་དུ། “གོང་གསལ་ཚོགས་ཆེན་གཉིས་ལ་ཚོགས་མི་ཡོང་ཁུངས་དང་མི་གྲངས་བཅས་སྐབས་དུས་སོ་སོར་གཏན་འབེབས་གནང་ལམ་བཞིན་སྐབས་མཚམས་སྤྱི་ལྷན་ནས་ཚོགས་མི་སྤར་ཆ་གནང་རྒྱུ་གནང་”ཞེས་འཁོད་ཡོད་པ་རེད།

དོན་ཚན་གསུམ་པ། “ཆོས་བརྒྱུད་ཚོགས་ཆེན་སོགས་སུ་ཇོ་ནང་པར་དམིགས་བསལ་གྱི་རྐུབ་སྟེགས་རེ་དང་། དགོན་པ་གཅིག་གི་ས་མིག་ཙམ་མ་ཡིན་པར། ཆོས་བརྒྱུད་གཞན་ཁག་ལ་ཐོང་ཐང་གང་ཡོད་པ་དེ་དག་སྤྲད་དགོས་”ཞེས་འཁོད་པའི་ལན་དུ། “འཛིན་སྐྱོང་དང་འབྲེལ་བ་ཆགས་པས་འཛིན་སྐྱོང་ལ་ཞུས་ལེགས་”ཞེས་འཁོད་ཡོད་པ་རེད།

དོན་ཚན་བཞི་པ། “ཤེས་རིག་ལས་ཁུངས་ནས་འགྲེམས་སྤེལ་བྱེད་བཞིན་པའི་སློབ་དེབ་ཁག་གི་ནང་ས་དགེ་ བཀའ་རྙིང་སོགས་ཀྱི་ཆོས་འབྱུང་སོགས་བཀོད་ཡོད་པ་ལྟར། དཔལ་རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་སོགས་ཀྱང་ངེས་པར་དུ་འཁོད་དགོས་”ཞེས་པའི་ལན་དུ། “འཛིན་སྐྱོང་དང་འབྲེལ་བ་ཆགས་པའི་འཛིན་སྐྱོང་ལ་ཞུས་ལེགས་”ཞེས་འཁོད་འདུག

དགོས་འདུན་ལྔ་པ། “ཆོས་རིག་ལས་ཁུངས་ཀྱི་བཀོད་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་ གཡུང་དྲུང་བོན་བཅས་པའི་སློབ་དཔོན་དང་མཁན་པོ། དགེ་བཤེས་བཅས་ལས་གྲུབ་པའི་གཞུང་ཆེན་རིག་གཅིག་རྐང་འཛིན་མཁས་པའི་ཚོགས་ཆུང་ནང་ ཇོ་ནང་པའི་འཐུས་ཚབ་སྤྱི་མཚུངས་དགོས་པ་དང་། དེ་བཞིན་དུ་རིགས་གཅིག་རྐང་འཛིན་སློབ་གཉེར་བའི་གྲངས་ཚད་ཀྱང་གཅིག་གྱུར་བཟོ་དགོས་”ཞེས་འཁོད་པའི་ལན་དུ། “གོང་བཞིན་འཛིན་སྐྱོང་དང་འབྲེལ་བ་ཆགས་པས་འཛིན་སྐྱོང་ལ་ཞུས་ལེགས་”ཞེས་འཁོད་འདུག

དགོས་འདུན་དྲུག་པ། “བཅའ་ཁྲིམས་ལེའུ་ལྔ་པ། དོན་ཚན་སོ་བདུན་པའི་ནང་གསེས་༡ ཁ་པའི་ནང་གསལ་“རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ རེ་”ཞེས་པ་ “རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། ཇོ་ནང། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ རེ་”ཞེས་པར་བསྐྱར་བཅོས་བྱ་དགོས་”ཞེས་པའི་ལན་དུ། “བོད་མི་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༩ པར་ཐག་གཅོད་སྔོན་ཟིན་ལྟར་རང་གནས་ལས། སྤྱི་འཐུས་སྐབས་༡༥ པའི་དུས་རིང་གྲོས་ཚོགས་སུ་ཁྲིམས་ཡིག་བསྐྱར་བཅོས་བསྣམ་རྒྱུ་མིན་པ་དང་”ཞེས་འཁོད་འདུག

དགོས་འདུན་བདུན་པ། “གོང་གསལ་དགོས་འདུན་ཁག་ལག་བསྟར་བྱེད་མི་འོས་པ་ཞིག་ལ་ངོས་འཛིན་བྱས་ཚེ། དཔལ་རྒྱལ་བ་ཇོ་ནང་པར་གོང་གསལ་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་སྤྲད་མི་འོས་པ་ཞིག་དང་། ཇོ་ནང་གིས་རྩོད་བཞིན་པ་དེ་བདེན་པ་མ་ཡིན་པའི་ཁུངས་སྐྱེལ་གསལ་བཤད་ངེས་པར་བྱ་དགོས་”ཞེས་པའི་ལན་དུ། “གོང་དུ་ཞུས་པའི་དོན་ཚན་ཁག་གི་གནས་སྟངས་ལྟར་ཐོག ད་ཕན་དཔལ་རྒྱལ་བ་ཇོ་ནང་པས་ཞུ་དོན་རྣམས་ལ་བཀའ་བསྡུར་རིམ་པ་དང་། མཐར་གྲོས་ཚོགས་བར་སླེབས་ཡོད་པ་བཅས་དགོངས་བཞེས་གནང་ཡོད་པས་མང་གཙོའི་ལམ་སྲོལ་དང་འགྲོ་ལུགས་ལ་དགོངས་རྒྱ་ཆེ་བཞེས་ཀྱིས་ཁྱེད་རྣམ་པས་ད་ལྟ་སྤེལ་བཞིན་པའི་ལས་འགུལ་འཕྲལ་དུ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་རྒྱུ་”ཞེས་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།