ཇོ་ནང་པས་རང་གཞུང་ལ་ཞུ་འབོད་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན།

“གལ་སྲིད་ཇོ་ནང་ལ་སྤྱི་འཐུས་ཀྱི་རྐུབ་བཀྱག་དེ་ཚོ་བྱུང་ན་རྗེས་ནས་ང་ཚོ་ལ་དགོས་ཀྱི་ཡོད་ཅེས་ཁག་ཅིག་ཡོང་ཆོག་ཆོག་འདྲ་བྱས་ནས་བསྡད་ཡོད་པ་རེད་”ཅེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་གསུངས་སོང་།

རྒྱ་གར་རྡོ་རྗེ་གདན་དུ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཉིན་གཉིས་རིང་འཚོགས་ཏེ། ཟླ་འདིའི་ཚེས་༢ ཉིན་གྱི་ཕྱི་དྲོར་མཇུག་བསྡོམས་ཐོག་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཕེབས་ཡོད་པ་རེད།

15878582_1370411339649398_840052235_oཚོགས་ཆེན་དེའི་ཐོག་ཇོ་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་སྐོར་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འོག་ཆོས་བརྒྱུད་གཞན་ཁག་དང་གཅིག་མཚུངས་ཀྱི་ཐོབ་ཐང་རག་ཐབས་སུ་གྲོས་བསྡུར་དང་གྲོས་ཆོད་བཞག་ཡོད་པ་རེད། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚངས་དབྱངས་རྒྱ་མཚོས་འགྲེལ་བརྗོད་གནང་དོན། “ཇོ་ནང་པའི་ཆོས་བརྒྱུད་ཐོབ་ཐང་སྐོར་ལོ་ངོ་༡༩ རིང་སྤྱི་འཐུས་ལྷན་ཚོགས་དང་རང་གཞུང་གི་ཆོས་རིག་ལས་ཁུངས་སུ་སྙན་ཞུ་ཐེངས་མང་བརྒྱབ་པ་དང་། ཞི་འབོད་ཀྱི་ལས་འགུལ་ཐེངས་ཁ་ཤས་སྤེལ་རེད། ཡིན་ཡང་ད་ལྟ་ཇོ་ནང་པའི་མངོན་འདོད་དངོས་གནས་དེ་ད་དུང་འགྲུབ་ཡོད་པ་མ་རེད་”ཅེས་གསུངས་སོང་།

ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་གསུམ་པའི་ནང་ “བོད་མིའི་སྤྱི་ཚོགས་ནང་ཇོ་ནང་ཆོས་བརྒྱུད་ནས་སྤྱི་འཐུས་ཀྱི་རྐུབ་སྟེགས་གཅིག་པུ་རྩོད་བཞིན་ཡོད་པའི་གླེང་ཕྱོགས་ཤིག་ཁྱབ་བཞིན་ཡོད་པ་དེར། ཇོ་ནང་ཆོས་བརྒྱུད་གྱི་དགོན་སྡེ་ཁག་དང་། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་གཙོས་ཇོ་ནང་པ་ཡོངས་ཀྱིས་ཇོ་ནང་པ་སྤྱིའི་ལངས་ཕྱོགས་གང་ཡིན་གསལ་བཤད་ཞུ་དགོས། ཇོ་ནང་པ་སྤྱིའི་ལངས་ཕྱོགས་ནི་བཙན་བྱོལ་བོད་མིའི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པ་ཞེས་པ་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་བཅས་པ་ཞེས་པར་བསྒྱུར་བཅོས་ཀྱི་མཚོན་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་ཞེས་པ་འདི་ཡིན། རེ་འདོད་འདི་མ་འགྲུབ་བར་དུ་གཞིས་བྱེས་ཇོ་ནང་ཆོས་བརྒྱུད་འཛིན་པ་ཡོངས་ཀྱི་ངོས་ནས་རང་གཞུང་ལ་ཞུ་འབོད་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཇོ་ནང་པའི་སྐོར་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཇོ་ནང་པར་ཐོབ་ཐང་གཅིག་ཀྱང་མ་སྤྲད་པ་དང་། ཕྱིར་ཕུད་བཏང་བ་ཞིག་མིན་པས་གོ་ལོག་ཐེབས་རྒྱུ་མེད་སྐོར་གསུངས་པ་དང་། དེ་བཞིན་ཁོང་གིས་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་། བར་ལམ་ཞིག་ནས་ཆོས་ཚོགས་ཆེ་བ་འཚོགས་སྐབས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་མིང་བྱང་དེ་ཡིན་པས། ཇོ་ནང་པ་ཚུད་ཀྱི་མེད་པ་དང་། དེ་བཞིན་གཞན་པ་ཡང་ཚུད་ཀྱི་མེད་པའི་དེའི་ཐོག་ཡ་ལེན་བྱེད་དགོས་པ་མཐོང་གི་ཡོད་སྐོར། “ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལབ་ན་ལྔ་ཡི་ནང་དུ་མ་འདས་པའི་ཆོས་བརྒྱུད་ཆུང་ཁག་ཟེར་ནའང་རེད། གཞན་པ་ཁག་ཚིག་གི་ནུས་པས་ཚུད་ཀྱི་མེད་པར་ཁོང་གིས་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ཆོས་བརྒྱུད་ལ་ངོས་འཛིན་ཡོད་མེད་དང་ཆོས་བརྒྱུད་ཀྱི་ཐོབ་ཐང་ཡོད་མེད་བསྲེ་བསྲེ་གཏོང་རྒྱུ་མི་འདུག རྐུབ་བཀྱག་ཁོ་རང་ཐོབ་ཐང་གི་ངོ་བོ་གཅིག་བྱས་ནས་དེ་ཐོབ་ཡོད་པ་རེད་དམ་ཟེར་ན་དེ་ཐོབ་ཡོད་པ་མ་རེད། དེ་གཉིས་བསྲེ་བསྲེ་གཏོང་རྒྱུ་མི་འདུག་”ཅེས་གསུངས་སོང་།

བཀའ་བློན་གྱིས་ཇོ་ནང་ཐོབ་ཐང་སྐོར་ལ་དེ་སྔོན་ལས་འགུལ་སྤེལ་བ་དང་འབྲེལ་ནས་གསུངས་སྐབས། མང་གཙོའི་སྤྱི་ཚོགས་ནང་ཐོབ་ཐང་གི་ལས་འགུལ་སྤེལ་དགོས་ཀྱི་ཡོད་ནའང་། ཕུགས་ལ་མ་གནོད་པ་དང་འདྲོག་མ་སླང་པ་ཞིག་དགོས་སྐོར་དང་། དེ་སྔོན་གྱི་ལས་འགུལ་ཁག་གིས་བློ་འགུག་ཐུབ་པའི་ཚབ་ལ་ཤ་ཚ་དོན་གཉེར་ཡོད་མཁན་ ཚོ་ཕྱིར་འཐེན་རྒྱག་དགོས་ཆགས་མེད་ན་བསམས་པའི་བསམ་ཚུལ་ཁོང་ལ་བྱུང་སྐོར་དང་། མ་འོངས་པར་ཐབས་མཁས་པོའི་ཐོག་ནས་ལས་འགུལ་བྱེད་དགོས་སྐོར་གསུངས་སོང་།

ད་ལྟའི་ཆར་ཇོ་ནང་ལ་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲོད་དགོས་ན་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་ཁག་ཅིག་ཡོད་སྐོར་དང་འབྲེལ་ནས་གསུངས་སྐབས། “གལ་སྲིད་ཇོ་ནང་ལ་སྤྱི་འཐུས་ཀྱི་རྐུབ་བཀྱག་དེ་ཚོ་བྱུང་ན་རྗེས་ནས་ང་ཚོ་ལ་དགོས་ཀྱི་ཡོད་ཅེས་ཁག་ཅིག་ཡོང་ཆོག་ཆོག་འདྲ་བྱས་ནས་བསྡད་ཡོད་པ་རེད་”ཅེས་དང་། “སྒྲུབ་བརྒྱུད་ཤིང་རྟ་བརྒྱད་བརྩི་སྟངས་མ་འདྲ་བ་ཁ་ཤས་ཡོད་རེད་ལ། ད་ལྟ་སྤྱི་འཐུས་ཀྱི་ཐོབ་ཐང་མ་རག་མཁན་ཇོ་ནང་བརྩིས་པའི་བཞི་ཞིག་ཡོང་གི་འདུག་”ཅེས་ཞི་བྱེད་དང་། ཞ་ལུ། བོ་དུང་བཅས་ཡོད་སྐོར་དང་། བོད་པ་ཁ་ཆེའི་གཞིས་ཆགས་ནས་ཁོང་ཚོར་སྤྱི་འཐུས་དགོས་ཀྱི་འདུག་ལབ་ཀྱི་ཡོད་སྐོར། སྤྱི་འཐུས་ལྷན་ཚོགས་ནང་གི་ཐོབ་ཐང་དེ་ཁག་པ་ཡོད་པ་ལས། གཞན་པ་ཚོ་ག་ལེར་འགྲིག་འགྲོ་རྒྱུ་ཡིན་སྐོར། དེ་བཞིན་ཕུགས་ལ་ཕན་ཐོགས་པ་དང་། ཐབས་མཁས་པོ་དགོས་པ་ལས་ཟས་བཅད་ངོ་རྒོལ་སོགས་ཡང་ཡང་མ་གནང་ན་ཡག་པོ་ཡོད་སྐོར་ཡང་གསུངས་སོང་།།

གསར་འགོད་ཆོས་ཉིད་འོད་ཟེར་གྱིས་རྡོ་རྗེ་གདན་ནས་