ཉམས་ཞིབ་པ་གཉིས་ཀྱིས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་དྲིལ་བསྒྲགས་དང་ཞུ་གཏུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་༢༩ པ་འཚོགས་བཞིན་པ་དང་བསྟུན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་གཉིས་ཀྱིས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་དྲིལ་བསྒྲགས་དང་ཞུ་གཏུག་བྱས་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།


ཟླ་འདིའི་ཚེས་༡༠ ཉིན་གྲངས་བཅུ་གཉིས་རིང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་༢༩ པ་(COP29) དེ་ཨ་ཛར་བྷེ་ཇན(Azerbaijan) གྱི་རྒྱལ་ས་བྷ་ཀུ་(Baku) ལ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱལ་ཁབ་༢༠༠ ཙམ་གྱི་སྐུ་ཚབ་དང་། གནམ་གཤིས་ཚན་རིག་པ། གདོད་མའི་མི་རིགས། གསར་འགོད་པ་དང་མཁས་དབང་། ཚོང་པ་སོགས་མཉམ་ཞུགས་བྱས་ཡོད་པ་མ་ཟད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་དང་། ཉམས་ཞིབ་པ་དོན་གྲུབ་དབང་མོ་གཉིས་ཀྱང་མཉམ་ཞུགས་ཀྱིས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་དྲིལ་བསྒྲགས་དང་ཞུ་གཏུག་བྱས་ཡོད་འདུག
ཉམས་ཞིབ་པ་བདེ་ཆེན་དཔལ་མོས་འབྲི་ཆུ་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱབ་སྐྱོར་འཚོལ་སྒྲུབ་བྱ་རྒྱུ་དང་། བོད་ཀྱི་རང་བྱུང་དང་རིག་གཞུང་གི་རྒྱུན་འཛིན་ལ་ཕྱིར་ལྡོག་མི་ཐུབ་པའི་གནོད་སྐྱོན་འགོག་ཐབས་བྱ་རྒྱུའི་དམིགས་ཡུལ་བཟུང་ནས་ཞུ་གཏུག་བྱས་ཡོད་ཅེས་དང་། ཉམས་ཞིབ་པ་དོན་གྲུབ་དབང་མོས་སྡེ་དགེའི་ཆུ་མཛོད་ལས་གཞི་ནི་ས་གནས་ཀྱི་གནད་དོན་ཙམ་མ་ཡིན་པར། ས་ཁུལ་གྱི་ཆུའི་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ། བོད་ཀྱི་ཁོར་ཡུག་དང་དེར་བརྟེན་པའི་མི་མང་གཉིས་ཀའི་བདེ་དོན་ཆེད་རྒྱབ་སྐྱོར་འཚོལ་བར་ཡོང་ཡིན་ཞེས་བརྒྱུད་ལམ་ཁག་ལ་བརྗོད་འདུག
ཚོགས་འདུའི་ཉིན་གསུམ་པར་ཉམས་ཞིབ་པ་རྣམ་གཉིས་ཀྱིས་ཧྥ་རན་སི་དང་། ཁེ་ན་ཌ། ཉི་ཧོང་། ནོར་ཝེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལས་གཞི་(UNEP) སོགས་ཀྱི་ལས་ཁུངས་བཅུ་ཙམ་ལ་ཆེད་བཅར་གྱིས་སྡེ་དགེའི་ཆུ་མཛོད་ལས་གཞི་ལ་ངོ་རྒོལ་གྱི་དོན་ཚན་བཅུ་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པ་མ་ཟད། ཁོང་རྣམ་གཉིས་ཀྱིས་གཞུང་འབྲེལ་བགྲོ་གླེང་འདྲ་མིན་ནང་མཉམ་ཞུགས་དང་ལས་ཁུངས་ཁག་ཏུ་ཞུ་གཏུག་བརྒྱུད་བོད་ཀྱི་གཙང་པོ་དང་། ལྷག་པར་དུ་སྡེ་དགེའི་ཆུ་མཛོད་ཀྱི་ལས་གཞི་འགོག་ཐབས་སུ་རྒྱབ་སྐྱོར་འཚོལ་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།