ཉི་མ་ལྷ་མོའི་སེམས་གཏམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༦༡ ཕྱི་ལོ་ ༢༠༡༩/༧ /༢༤
ཉེ་ཆར་ཕྱི་ཟླ་༧ ཚེས་༡༧ ཉིན། བོད་ཀྱི་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་སྐུའི་ཚ་མོ་ཉི་མ་ལྷ་མོས། ཨ་རིའི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊོམ་ལ་དངོས་སུ་མཇལ་ནས་བོད་ཀྱི་གནད་དོན་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཞབས་སོར་འཁོད་ཐུབ་པའི་ཐོག་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། གནད་དོན་དེ་ནི་བོད་ནང་དུ་བོད་མི་ཡོད་དོ་ཅོག་གི་སེམས་གཏིང་གི་སྐད་ཆ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་དང་། ཉི་མ་ལྷ་མོ་ནི་བོད་ནས་འབྱོར་ཏེ་རྒྱུན་རིང་པོ་འགོར་མེད་ནའང་། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་བོད་དོན་ཆེད་འབོད་སྐུལ་དང་ཞུ་གཏུག་གི་ལས་འགུལ་མང་པོ་སྤེལ་ཐུབ་པ་བྱུང་ཡོད། དེ་ནི་གཙོ་བོ་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོའི་ལམ་སྟོན་བཀའ་སློབ་དང་། རྒྱ་དམར་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་མ་ཉེས་ཁག་གཡོགས་ཀྱིས་འཛིན་བཟུང་བཙོན་བཅུག་བྱས་པ་མ་ཟད། བཙོན་ཁང་ནས་སྐུ་གཤེགས་དགོས་ཐུག་པའི་གནས་ཚུལ་ལ་བརྟེན་ནས་ཀྱང་བྱུང་ཡོད་ངེས་རེད།
ཁོང་གིས་ཨ་རིའི་སྲིད་འཛིན་ལ་འབོད་སྐུལ་ཞུ་སྐབས་འགོག་མེད་བཅོས་མིན་གྱི་རྣམ་འགྱུར་དེ་དག་རེ་རེ་བཞིན་མཐོང་དུས། བོད་ནང་གི་མནར་གཅོད་དངོས་སུ་མཐོང་མྱོང་དང་མ་མྱོང་གི་ཁྱད་པར་སེམས་ཚོར་འདིའི་ཐོག་ནས་རྟོགས་ཐུབ་པ་དང་། ཕྱིའི་སྐད་ཡིག་གི་བྱང་ཚད་མཐོན་པོ་ཡོད་མེད་གཅིག་པུ་མ་ཡིན་པར་ཨ་རིའི་སྲིད་འཛིན་ལ་ཞུས་པའི་སྐད་ཆ་དེ་དག་སེམས་གཏིང་ནས་བྱུང་བའི་རེ་འབོད་ཉག་གཅིག་ཡིན་པས། ཨ་རིའི་སྲིད་འཛིན་གྱི་ཐུགས་ལ་ངེས་ཐུབ་ཡོད་པའང་ཁོང་གི་རྣམ་འགྱུར་ནས་མཐོང་ཐུབ་པ་ཞིག་རེད། མ་འོངས་པར་ཡང་འདི་ལྟ་བུའི་གོ་སྐབས་ནི་བོད་དོན་འཐབ་རྩོད་ཀྱི་ལས་དོན་ཐོག་ནས་གལ་གནད་ཆེ་ཤོས་ཡིན་པ་དང་། བོད་ནང་མིག་གིས་མཐོང་ཙམ་ཡང་མ་མྱོང་མཁན་ཞིག་གིས་བོད་དོན་བཤད་པའི་སྐབས་སུ་གཏིང་ཟབ་མོ་དང་ཞིབ་ཚགས་པོ་ཇི་ལྟ་བུ་ཞིག་བཤད་ཀྱང་། ཕ་རོལ་པོ་ཉན་མཁན་དག་ལ་མཚོན་ན་སེམས་འགུལ་ཐེབས་ཐུབ་མིན་གྱི་ཐོག་ལ་ཁྱད་པར་ཆེན་པོ་ཡོད་པ་ནི་སྨྲོས་མེད་རེད། ད་ལན་ཉི་མ་ལྷ་མོའི་བོད་དོན་དང་འབྲེལ་བའི་སེམས་གཏམ་ཨ་རིའི་སྲིད་འཛིན་ལ་དངོས་སུ་མཇལ་ནས་ཞུ་ཐུབ་པ་དེ་ནི་དུས་ཐོག་ཆར་པ་ལྟ་བུར་གྱུར་སོང་།
ཨ་རིའི་སྲིད་འཛིན་ལའང་གཞན་ལ་མེད་པའི་ཁྱད་ཆོས་ཆེན་པོ་ཞིག་ཡོད་པ་ནི། མཐོན་པོ་དང་རྫིག་པོ་དག་ལ་མགོ་མི་སྒུར་བའི་གཤིས་ཀ་ཞིག་དང་། དམའ་མོ་དང་ཉམ་ཆུང་ལ་དོ་སྣང་ལྷག་པར་དུ་གནང་བའི་ཀུན་སྤྱོད་འདི་ནི་མི་སེམས་འགུལ་བའི་བྱ་སྤྱོད་གལ་ཆེན་ཞིག་ཡིན་ལ། ཁོང་ཨ་རིའི་སྲིད་འཛིན་དུ་སླེབས་པའི་རྒྱབ་ལྗོངས་གལ་གནད་ཅན་ཞིག་གནད་དོན་འདི་ལ་བརྟེན་ནས་ཀྱང་བྱུང་བ་ཡིན་སྲིད། ཨ་རིའི་སྲིད་འཛིན་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་པའི་དཔོན་རིགས་མང་པོ་ལ་ལས་སླ་པོའི་ཐོག་ནས་ཐུག་འཕྲད་མི་ཐུབ་ཅིང་། ནང་པའི་ལོ་རྒྱུས་ནང་འཁོད་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞེས་པའང་། ད་ལྟའི་ཆར་ཡོད་པའི་དབང་དུ་བཏང་ན་ཨ་རིའི་སྲིད་འཛིན་ཡིན་དགོས་པ་ལས། དེ་ལས་ལྷག་པའི་མཚན་གཞི་གཞན་ཞིག་འཇིག་རྟེན་འདིར་གཏན་ནས་རྙེད་དུ་མེད། དེར་བརྟེན་མི་སྣ་གལ་ཆེན་པོ་ཁོང་ལྟ་བུ་ཞིག་གིས་བོད་ནས་གསར་དུ་འབྱོར་བའི་བུ་མོ་དཀྱུས་མ་ཞིག་ལ་ཐུག་འཕྲད་དང་གླེང་མོལ་གནང་བ་ནི། དོན་དུ་ཁོང་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་ཙམ་དུ་མ་ཟད། རྒྱ་དམར་གཞུང་ལ་མི་དགའ་བའི་རྣམ་འགྱུར་ཡང་ཐད་ཀར་བསྟན་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག
བོད་ནས་ཆབ་སྲིད་བཙོན་པ་མང་པོ་ཞིག་བཙན་བྱོལ་དུ་འབྱོར་རྗེས། སྤྱི་ཚོགས་ཀྱི་འཐེན་འཁྱེར་མང་པོ་ཞིག་ཏུ་འཛུལ་ཞུགས་བྱེད་པ་དང་། ད་ལྟའི་ཆར་ཨོ་སི་ཁྲོ་ལི་ཡར་མཚོན་ན་རྩོད་རྙོག་ཆེ་ཤོས་ཀྱི་བོད་པ་གནས་སྡོད་བྱེད་སའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད། དེར་བརྟེན་དངོས་སུ་རྒྱ་གཞུང་གི་མནར་གཅོད་མྱངས་པའི་ཆབ་སྲིད་བཙོན་པའམ། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་ནི་བོད་མི་རིགས་དང་ལྷག་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མིག་དཔེ་བལྟ་ས་ཞིག་ཏུ་འགྱུར་དགོས་པ་ལས། ད་ལྟ་ཨོ་སི་ཁྲོ་ལི་ཡའི་གནས་སྟངས་ལྟ་བུ་མང་པོ་མཐོང་ཡོང་བའི་སྐབས་སུ་སྤྱི་ཡོངས་ཀྱི་གནས་སྟངས་ལ་སེམས་ཁྲལ་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད་པར་སྣང་། ད་དུང་བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་ཏུ་ཞེས་གསུངས་པ་བཞིན། བཀྲ་ཤིས་པ་དང་སྣ་ནག་མ་གཉིས་ལྷན་ཅིག་ཏུ་གནས་ཡོད་པས། བོད་དོན་ཆབ་སྲིད་ཀྱི་ཆེད་དུ་རང་ཉིད་བློས་གཏོང་གནང་བའི་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་ཡོད་པ་དང་། དེ་དག་དང་ལྷན་དུ་སྐབས་འཚོལ་རིང་ལུགས་པ་དང་། ལྐོག་འབྲེལ་རིང་ལུགས་བརྟེན་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མིང་ཤས་བཟོ་མཁན་ཡོད་པ་མཐོང་རྒྱུ་འདུག
མདོར་ན་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུའི་ཚ་མོ་ཉི་མ་ལྷ་མོ་ནི། ད་བར་ནང་ཁུལ་འཐེན་འཁྱེར་དང་རྩོད་རྙོག་གང་གིའང་ནང་དུ་མ་ཞུགས་པར་རང་གི་ནུས་ཚོད་དང་བསྟུན་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་མང་པོ་ཞིག་སྤེལ་སོང་། ལྷག་པར་དུ་ད་ལན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་མཇལ་ནས་བོད་དོན་ལ་རྒྱབ་སྐྱོར་དང་། ༧གོང་ས་མཆོག་བོད་དུ་ཞབས་སོར་འཁོད་པར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུ་ཐུབ་པ་ནི། མི་དཀྱུས་མ་ཞིག་གིས་ཛ་དྲག་པའི་དུས་སྐབས་ཤིག་ལ་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཏུ་གྱུར་ཡོད། ད་ལྟ་ཨ་རྒྱའི་ཚོང་དམག་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གོ་སྐབས་དམ་འཛིན་བྱེད་དགོས་པ་དེ་ཧ་ཅང་གལ་ཆེ་ཞིང་། ད་ལྟ་རྒྱལ་སྤྱིའི་ནང་ནས་འགྱུར་མཚམས་གསར་པ་གལ་ཆེན་པོ་ཞིག་ཏུ་སླེབས་ཡོད་ཀྱང་། བཙན་བྱོལ་བོད་མི་ནི་ནང་ཁུལ་གྱི་རྩོད་རྙོག་ཆུང་ཙག་རིགས་མང་པོ་ཞིག་ལ་ཐུག་དུས་ཧུར་ཐག་བྱེད་པ་ལས། བོད་དོན་འཐབ་རྩོད་ནི་འཕེལ་མེད་རང་སོར་གནས་ཡོད་པས་འདི་ལ་འགྱུར་བ་ཆེན་པོ་གཏོང་དགོས་ངེས་རེད་འདུག།