ཉི་འོང་ནང་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་སྐྱོན་བརྗོད།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དེ་ཉི་འོང་དུ་འཚོག་བཞིན་ཡོད་པ་དང་། སྐབས་དེ་དུས་རྒྱལ་ཁབ་༢༩ ནས་གྲོས་ཚོགས་འཐུས་མི་དང་ལས་འགུལ་བ་སོགས་ཚོགས་བཅར་བ་ཁྱོན་༡༤༢ ཙམ་ཕེབས་ཡོད་འདུག བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དེ་འཚོག་བཞིན་པའི་སྐབས་འདིར། ཉི་འོང་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་འདུག

ཕྱི་ཚེས་༣ ཉིན་རྒྱ་ནག་གཞུང་འབྲེལ་གྱི་ངོ་ཚབ་ལྟ་བུའི་གསར་ལམ་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་དེ་ཉི་འོང་དུ་འཚོག་བཞིན་ཡོད་པ་དང་། ཉི་འོང་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་འགྲིན་ཚབ་པས་ཚོགས་ཆེན་དེ་ལ་སྐྱོན་བརྗོད་བྱས་འདུག རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་བཙན་བྱོལ་བོད་གཞུང་ཟེར་བ་དེ་ཁ་བྲལ་རིང་ལུགས་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་རྒྱ་ནག་གི་རྩ་ཁྲིམས་དང་ཡོོངས་སུ་འགལ་བའི་བྱ་སྤྱོད་སྤེལ་གྱི་ཡོད་ཅིང་། ད་བར་རྒྱལ་ཁབ་གཅིག་གིས་ཀྱང་ངོས་ལེན་བྱེད་མཁན་ཡོད་མ་རེད་ཅེས་བརྗོད་འདུག ཉེ་ཆར་ཉི་འོང་གི་གསར་ཁང་ཞིག་ནས་བོད་པའི་སྤྱི་འཐུས་ཁག་ཅིག་ལ་བཅར་འདྲི་བྱས་ཡོད་འདུག་ཅིང་། སྐབས་དེ་དུས་༧གོང་ས་མཆོག་གི་ཡང་སྲིད་གང་དུ་འཁྲུངས་མིན་སྐོར་དྲིས་རྗེས། མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་དེ་རང་དབང་ལུང་པ་ཞིག་གི་ནང་དུ་འཁྲུངས་རྒྱུ་༧གོང་ས་མཆོག་ནས་གསུངས་ཡོད་པར་ལན་འདེབས་བྱས་ཡོད་འདུག་པས། དེ་ལ་ཉི་འོང་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་འགྲིན་ཚབ་པས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ཟེར་བ་གཉིས་ལ་བོད་རང་ལྗོངས་ཀྱི་མི་མང་དང་དེའི་མ་འོངས་པའི་སྐོར་གྱི་མགྲིན་ཚབ་པ་བྱེད་རྒྱུའི་ཐོབ་ཐང་ཡོད་མ་རེད་ཅེས་བརྗོད་འདུག 

གསར་ཁང་དེས་ཡང་སྲིད་ཀྱི་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པའི་དམིགས་བསལ་གཅིག་ཆགས་ཀྱི་ཡོད་ཅིང་། ཧ་ཅང་གལ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད་ཅེས་བརྗོད་འདུག་པ་དང་། གཞུང་ཚབ་ཁང་གི་མགྲིན་ཚབ་པས་༧གོང་ས་མཆོག་གིས་མ་འོངས་ཡང་སྲིད་དེ་རང་དབང་ལུང་པ་ཞིག་ལ་འཁྲུངས་རྒྱུ་རེད་ཟེར་བ་ནི་འགྲེལ་ལོག་ཡིན་ཚུལ་སྐྱོན་བརྗོད་དང་། ༧གོང་ས་མཆོག་དང་ཁོང་གི་ཆོས་ལུགས་ཀྱི་གནས་སྟངས། མཚན་གནས་དང་བཅས་པ་དབུས་གཞུང་གིས་ལོ་བརྒྱ་ཕྲག་མང་པོའི་གོང་ནས་ཆོག་མཆན་སྤྲོད་ཀྱི་ཡོད་པ་དང་། ༧གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པ་ཁོང་ཉིད་ཀྱང་དབུས་གཞུང་གིས་རྙེད་ཡོད་ཅིང་། ཆོ་ག་དང་ཆོས་ལུགས་ཀྱི་ལམ་ལུགས་དང་མཐུན་པའི་ཐོག་ནས་ངོས་འཛིན་བྱས། སྐབས་དེ་དུས་དབུས་གཞུང་གིས་ཆོག་མཆན་སྤྲད་ཡོད་ཚུལ་བརྗོད་འདུག 

ད་དུང་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་དང་ཆོས་ལུགས་སྲུང་སྐྱོབ་ཀྱི་སྲིད་བྱུས་རྣམས་ཁྲིམས་ལུགས་གཞིར་བཟུང་གིས་སྲུང་སྐྱོབ་བྱེད་བཞིན་ཡོད་ཚུལ་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་བླ་མ་རྣམས་ཀྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་འགྲོ་དགོས་པ་དང་། ༧གོང་ས་མཆོག་ཀྱང་དེ་བཞིན་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་འགྲོ་དགོས་པར་བརྗོད་འདུག 

དེ་བཞིན་ཁོས། བོད་རང་སྐྱོང་ལྗོངས་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་དང་། དེའི་མི་མང་རྣམས་ནི་རྒྱ་ནག་ཁྱིམ་ཚང་ཆེན་པོ་དེའི་ཁྱིམ་མི་ཞིག་དང་། བོད་རང་སྐྱོང་ལྗོངས་ཀྱི་གནད་དོན་ནི་ནང་སྲིད་ཀྱི་གནད་དོན་ཡིན་པས། རྒྱལ་ཁབ་གཞན་གྱིས་ཐེ་བྱུས་བྱེད་རྒྱུའི་དབང་ཆ་ཡོད་མ་རེད་ཅེས་དང་། རྒྱ་ནག་ནང་སྤྱིར་བརྟན་ལྷིང་དང་། རིག་གཞུང་གོང་འཕེལ། མི་མང་གི་འཚོ་བ་ཡར་རྒྱས་འགྲོ་བཞིན་ཡོད་པས། དེ་ལ་གནོད་པའི་བྱ་སྤྱོད་སུས་སྤེལ་ནའང་ནམ་ཡང་ལམ་འགྲོ་ཡོང་གི་མ་རེད་ཅེས་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།