ཉི་ཧོང་གི་སྐུ་ཚབ་དོན་གཅོད་དང་ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་གཉིས་མཇལ་འཕྲད་ཐོག་མ་ཞུས་འདུག 

ཉི་ཧོང་གིས་ལོ་འཁོར་རྒྱལ་སྲུང་སྙན་ཐོའི་(Defense of Japan white paper) ནང་དུ་ཐའེ་ཝན་རྒྱ་ནག་གི་ས་ཁྲ་ནས་མར་བླངས་རྗེས། ཉི་ཧོང་གི་ཇར་མན་སྐུ་ཚབ་དོན་གཅོད་དང་ཐའེ་ཝན་གྱི་ཇར་མན་སྐུ་ཚབ་དོན་གཅོད་གཉིས་ཆེས་ཐོག་མར་མཇལ་འཕྲད་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༦ ཉིན་ཇར་མན་གྱི་གྲོང་ཁྱེར་མོན་ཆི་(Munich) རུ་ཡོད་པའི་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་འགན་འཛིན་ཚཱ་མཱན་(Hsu Tsung-ming) དང་ཉི་ཧོང་གི་སྐུ་ཚབ་མཱ་ཁ་ཝ་(Maekawa Nobutaka) གཉིས་ཉི་ཧོང་གི་སྐུ་ཚབ་དོན་གཅོད་ཁང་དུ་མཇལ་འཕྲད་བྱས་པའི་སྐོར་ཕྱིར་བསྒྲགས་བྱས་འདུག 

ཐའེ་ཝན་སྐུ་ཚབ་ལས་དོན་གཅོད་ལས་ཁུངས་ནས་ངོ་དེབ་ཐོག་ཏུ་ཨི་ཤི་ཡའི་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་དོན་གཅོད་གཉིས་ལྷན་དུ་བསྒྲོན་པའི་པར་ཞིག་བཀོད་དེ། ཁོང་གཉིས་ལྷན་དུ་ཉི་ཧོང་གི་སྐུ་ཚབ་དོན་གཅོད་ཁང་དུ་དགོང་ཟས་ལ་རོལ་བ་ཡིན་ཞེས་བྲིས་འདུག་པ་དང་། ཐའེ་ཝན་གྱི་གསར་ཁང་ཞིག་གིས་ཇར་མན་དུ་ཉི་ཧོང་དང་ཐའེ་ཝན་གྱི་སྐུ་ཚབ་གཉིས་མཇལ་འཕྲད་ཞུས་པ་དེ་ལོ་རྒྱུས་ནང་ཆེས་ཐོག་མར་བྱུང་བ་ཞིག་ཆགས་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག 

བདུན་ཕྲག་གོང་མའི་རེས་གཟའ་ཕུར་བུའི་ཉིན་བཏོན་པའི་ཉི་ཧོང་རྒྱལ་སྲུང་ལས་ཁུངས་ཀྱི་ལོ་འཁོར་སྙན་ཐོ་གསར་ཤོས་ནང་། རྒྱ་ནག་དང་ཐའེ་ཝན་གཉིས་དབྱེ་བ་ཕྱེ་ནས་ཐེངས་དང་པོར་ཐའེ་ཝན་རྒྱ་ནག་གི་ས་ཁྲ་ནས་མར་བླངས་པ་མ་ཟད། “ཐའེ་ཝན་གྱི་མཐའ་འཁོར་བརྟན་ལྷིང་བཟོ་རྒྱུ་དེ་ཉི་ཧོང་གི་བདེ་འཇགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྷིང་འཇགས་ལ་གལ་འགངས་ཆེན་པོ་ཆགས་ཡོད། དེ་བས་ང་ཚོས་གནས་སྟངས་དེར་སྔར་གཏན་ནས་བྱུང་མྱོང་མེད་པའི་དོ་སྣང་ཟབ་མོ་སྤྲོད་དགོས་”ཞེས་བཀོད་དེ་ཉི་ཧོང་གི་སྲིད་བྱུས་ལ་འགྱུར་བ་བཏང་ཡོད་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད། 

གཞན་ཡང་། ཉི་ཧོང་གིས་རྒྱ་ནག་གི་ངོ་རྒོལ་ལ་མ་བལྟོས་པར་ཐའེ་ཝན་ལ་ཝུའུ་ཧན་ཏོག་དབྱིབས་ཀྱི་སྔོན་འགོག་སྨན་ཁབ་སྔ་ཕྱི་ཐེངས་གསུམ་བསྐུར་ནས་ཁྱོན་བསྡོམས་སྨན་ཁབ་ས་ཡ་ ༣.༣༤ ཙམ་ཞལ་འདེབས་སྤྲད་དེ་ཐའེ་ཝན་ལ་རྒྱབ་སྐྱོར་དང་རོགས་རམ་གྱི་རྣམ་འགྱུར་བསྟན་ཡོད།

ཐའེ་ཝན་གྱི་སྐུ་ཚབ་དོན་གཅོད་ཀྱིས་ཉི་ཧོང་ལ་སྔོན་འགོག་སྨན་ཁབ་ཞལ་འདེབས་གནང་བར་བཀའ་དྲིན་ཆེ་ཞུས་འདུག་པར། ཉི་ཧོང་གི་སྐུ་ཚབ་དོན་གཅོད་ནས་དེ་སྔོན་ཐའེ་ཝན་གྱིས་ཉི་ཧོང་ལ་རོགས་བྱེད་མྱོང་་ཡོད་པས། སྔོན་འགོག་སྨན་ཁབ་དེ་དག་ནི་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཆ་ཤས་ཤིག་ཡིན་ཞེས་བརྗོད་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།