ཉི་ཧོང་གི་སྲིད་བློན་གསར་པ་འདེམས་ཐོན་བྱུང་འདུག 

རྒྱུན་རིང་ནས་ཉི་ཧོང་གི་སྲིད་བློན་ལས་གནས་ཁུར་མཁན་ཤིན་ཛོ་ཨ་བྷི་ན་ཚའི་རྐྱེན་གྱིས་རྩ་དགོངས་ཞུས་ཡོད་པ་དང་། གཞུང་འཛིན་སྲིད་དོན་ཚོགས་པས་ཨ་བྷི་ཡི་ལྟ་བ་དང་ལངས་ཕྱོགས་མུ་མཐུད་རྒྱུན་སྐྱོང་བྱེད་མཁན་ཞིག་འགོ་ཁྲིད་དུ་བདམས་འདུག་པས། ཁོ་གྲོས་ཚོགས་ནང་དུ་ཡང་སྲིད་བློན་དུ་འདེམས་ཐོན་བྱུང་རྒྱུ་ངེས་གཏན་ཡིན་ཚོད་འདུག 

ཟླ་༩ པའི་ཚེས་༡༤ ཉིན་ཉི་ཧོང་གི་གཞུང་འཛིན་སྲིད་དོན་ཚོགས་པ་མང་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་དང་མངའ་ཁུལ་ཁག་གི་སྐུ་ཚབ་༥༣༤ ཡིས་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་འོས་བསྡུ་བྱས་འདུག་པ་དང་། གྲུབ་དོན་དུ་ཉེ་ཆར་སྲིད་བློན་ལས་གནས་ནས་རྩ་དགོངས་ཞུ་མཁན་ཤིན་ཛོ་ཨ་བྷི་ཡི་ལས་རོགས་གཙོ་བོ་དང་བློན་ཆེན་ལས་ཁང་གི་དྲུང་ཆེ་རྒན་པ་རང་ལོ་༧༡ ཡིན་པ་ཡཱོ་ཤི་ཧི་ཌེ་སུ་གྷ་(Yoshihide Suga) ལ་འོས་གྲངས་༣༧༧ ཐོབ་ནས་རྒྱལ་ཁ་ཐོབ་འདུག དཔྱད་བརྗོད་པ་མང་པོ་ཞིག་གིས་ཁོང་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་ཚོད་དཔག་བྱས་འདུག་ཀྱང་། འོས་གྲངས་མང་པོ་དེ་འདྲ་ཐོབ་རྒྱུ་ཡིན་པ་ཚོད་དཔག་བྱེད་ཐུབ་མེད་འདུག 

གཞུང་འཛིན་སྲིད་དོན་ཚོགས་པ་ཡིས་ཁོང་འགོ་ཁྲིད་དུ་བདམས་ཟིན་པས། ཚེས་༡༦ ཉིན་གྲོས་ཚོགས་ནང་དུ་ཁོང་སྲིད་བློན་དུ་བསྐོ་གཞག་བྱེད་མིན་ཐད་འོས་བསྡུ་བྱེད་དགོས་ཀྱི་ཡོད་འདུག་ཀྱང་། གྲོས་ཚོགས་ནང་རྐུབ་སྟེགས་མང་ཆེ་བ་གཞུང་འཛིན་ཚོགས་པས་འཛིན་བཞིན་ཡོད་པས། ཁོང་ལ་རྒྱལ་ཁ་ཐོབ་རྒྱུ་ངེས་གཏན་ཡིན་ཚོད་འདུག 

དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། སྐུ་ཞབས་སུ་གྷ་ནི་སྐབས་སྔོན་མའི་སྲིད་བློན་གྱི་ལས་དོན་རྣམས་རྒྱུན་སྐྱོང་བྱེད་མཁན་བརྟན་ལྷིང་ཅན་གྱི་སྲིད་བློན་ཞིག་བྱེད་རྒྱུ་ཡིན་པ་ངོས་འཛིན་གྱིས། ཁོང་ལ་རྒྱལ་ཁ་ཐོབ་པ་ཡིན་འདུག འོན་ཀྱང་ཕྱི་ལོ་༢༠༢༡ ལོའི་ཟླ་༩ པའི་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྐབས་སུ། གཞུང་འཛིན་ཚོགས་པས་ཁོང་སྲིད་བློན་གྱི་འོས་མིར་མུ་མཐུད་དུ་འཇོག་མིན་ཚོད་དཔག་བྱེད་དཀའ་བ་ཡིན་འདུག 

སྐུ་ཞབས་སུ་གྷ་ནི་ཞིང་པའི་ཕྲུ་གུ་ཡིན་འདུག་པ་དང་། སྲིད་དོན་ཁོར་ཡུག་ནང་རྒྱབ་རྟེན་གང་ཡང་མེད་པའི་ཐོག་ནས་ཡར་སླེབས་པ་ཡིན་འདུག 

ཉི་ཧོང་ནང་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་དཔལ་འབྱོར་ཉམས་རྒུད་ཕྱིན་ཡོད་པས། ཁོང་གི་ལས་འགན་ཐོག་མར་ཡང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང་། དེ་བཞིན་སྐབས་སྔོན་མའི་སྲིད་བློན་ལྟར་ཨ་རི་དང་མཐུན་ཕྱོགས་ཀྱི་འབྲེལ་ལམ་སྲུང་སྐྱོབ་དང་། རྒྱ་ནག་དང་འབྲེལ་ལམ་བརྟན་པོ་ཉར་རྒྱུ་དེ་ཡིན་སྐོར་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།