ཉི་ཧོང་གི་སྲིད་བློན་དང་ཨ་རིའི་སྲིད་འཛིན་གཉིས་མཇལ་འཕྲད་གནང་གཏན་ཁེལ་འདུག 

ཉི་ཧོང་གི་སྲིད་བློན་སཱ་གྷ་(Yoshihide Suga) ཕྱི་ཟླ་༤ ཚེས་༡༦ ཉིན་ཨ་རིར་ཕེབས་ནས་སྲིད་འཛིན་བྷ་ཌན་དང་མཇལ་འཕྲད་གྲོས་མོལ་གནང་གཏན་ཁེལ་འདུག་པས། ཁོང་སྲིད་འཛིན་བྷ་ཌན་དང་དངོས་སུ་མཇལ་འཕྲད་གནང་སྟེ་གྲོས་མོལ་བྱེད་མཁན་གྱི་ཕྱིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག 

དེ་རིང་རེས་གཟའ་པ་སངས་ཉིན་ཉི་ཧོང་གཞུང་ནས་སྲིད་བློན་སཱ་གྷ་ཟླ་འདིའི་ཚེས་༡༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་ཕེབས་ནས་སྲིད་འཛིན་བྷ་ཌན་དང་གྲོས་མོལ་གནང་གཏན་ཁེལ་ཡོད་ཅེས་བརྗོད་འདུག ཉི་ཧོང་གི་སྲིད་བློན་ཁོང་ཨ་རིར་ཕེབས་རྒྱུ་ཡིན་སྐོར་དེ་སྔོན་ནས་བསྒྲགས་ཟིན་ན་ཡང་། ཕེབས་པའི་དུས་ཚོད་ཏག་ཏག་ཅིག་དེ་རིང་བར་དུ་ཕྱིར་བསྒྲགས་བྱས་མེད། 

དེང་སྐབས་རྒྱ་ནག་ནི་མང་གཙོའི་ལམ་ལུགས་དང་། སྒྲིག་ཁྲིམས་ཀྱིས་དབང་སྒྱུར་བའི་རྒྱལ་སྤྱིའི་ལམ་ལུགས་ལ་འཇིགས་སྐུལ་དང་ཉེན་ཁ་ཆེ་ཤོས་སྟེར་མཁན་ཞིག་ཡིན་པ་ཉིན་རེ་ནས་ཉིན་རེར་མངོན་གསལ་ཇེ་དོད་དུ་འགྱུར་བཞིན་ཡོད་སྟབས། ཨ་རི་དང་དབྱིན་ཇིས་གཙོས་པའི་མང་གཙོའི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་དང་ནུས་པ་མཉམ་སྤུང་གིས་རྒྱ་ནག་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་པའི་སྲིད་བྱུས་ཤིག་འཐེན་འགོ་བརྩམས་ཟིན་ཡོད། 

སྲིད་བློན་སཱ་གྷ་ཨ་རིར་ཕེབས་རྒྱུའི་གནས་ཚུལ་དེའི་ཐད་ལ། ཉི་ཧོང་བློན་ཆེན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཁཱ་ཐོ་(Katsunobu Kato) ཡིས་“འདི་ནི་ཨ་རིའི་ངོས་ནས་ཉི་ཧོང་གལ་ཆེན་དུ་འཛིན་གྱི་ཡོད་པའི་དཔང་རྟགས་ཤིག་ཆགས་ཡོད་པ་མ་ཟད། ཨ་རིའི་ངོས་ནས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དོ་ཁུར་བྱེད་པའི་ཆོད་སེམས་དང་། ང་ཚོས་ཨ་ཉིའི་མཉམ་འབྲེལ་གྱི་སྟོབས་ཤུགས་མཚོན་པ་བྱེད་ཀྱི་ཡོད་པས། འདི་ཤིན་ཏུ་གལ་གནད་ཅིག་ཀྱང་ཆགས་ཡོད་”ཅེས་བརྗོད་འདུག 

ཉི་ཧོང་གིས་ཨ་རི་དང་མཉམ་འབྲེལ་ཤུགས་ཆེ་རུ་བཏང་ནས་ཕྱི་འབྲེལ་དང་རྒྱལ་སྲུང་བརྟན་དུ་གཏོང་རྒྱུའི་རེ་བ་འཆང་བཞིན་ཡོད་པའི་ཐོག ཨ་རི་དང་ལྷན་དུ་རྒྱ་ནག་དང་། བྱང་ཀོ་རི་ཡ། ཞི་བདེ་རྒྱ་མཚོའི་ཁུལ་ནས་ཡོང་བཞིན་པའི་དཀའ་ཉེན་རྣམས་ཇི་ལྟར་གདོང་ལེན་བྱེད་དགོས་པའི་སྐོར་ལ་གྲོས་མོལ་བྱེད་འདོད་ཡོད་འདུག་པ་མ་ཟད། དེ་མིན་ད་དུང་ཁོར་ཡུག་དང་ནད་ཡམས་སེལ་ཐབས་གཉིས་ཀྱང་ཐེངས་འདིའི་གྲོས་མོལ་གྱི་བརྗོད་གཞི་གཙོ་བོ་ཞིག་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།