ཉི་ཧོང་གི་སྲིད་བློན་སྙུང་གཞིའི་དབང་གིས་དགོངས་ཞུ་གནང་འདུག།
ཉི་ཧོང་གི་སྲིད་བློན་ཤེན་ཟོ-ཨ་བྷེ་(Shinzo Abe)ཡིས་སྙུང་གཞིའི་དབང་གིས་དགོངས་པ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
དེ་རིང་སྟེ་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་ཉི་ཧོང་གི་སྲིད་བློན་ཤེན་ཟོ-ཨ་བྷེ་ཡིས་རང་ཉིད་སྙུང་གཞིའི་དབང་གིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་ཁེལ་བའི་གསལ་བསྒྲགས་གནང་བ་དང་། ཉི་ཧོང་མི་མང་ལ་ལས་ཡུན་མ་རྫོགས་གོང་ནས་དེ་ལྟར་དགོངས་པ་ཞུ་དགོས་ཐུག་པར་དགོངས་སེལ་ཞུས་འདུག
དགུང་ལོ་ ༦༥ ལ་སོན་པའི་སྲིད་བློན་ཁོང་ལོ་མང་རིང་སྙུང་གཞིས་མནར་བ་མ་ཟད། ཉེ་ཆར་ཁོང་གི་སྙུང་གཞི་ཇེ་ལོད་དུ་ཕྱིན་ནས་སྨན་ཁང་དུ་བསྟུད་མར་ཐེངས་གཉིས་ཕེབས་དགོས་བྱུང་བས། ཁོང་གིས་རང་ཉིད་ཀྱི་ནད་གཞིས་ལས་ཀར་འཐུས་ཤོར་གཏོང་དུ་འཇུག་འདོད་མེད་ཚུལ་གསུངས་འདུག
ཁོང་ནི་ཉི་ཧོང་རྒྱལ་ཁབ་ཀྱི་དུས་ཡུན་རིང་ཤོས་ཀྱི་སྲིད་བློན་དེ་ཡིན་ཞིང་། ད་ལྟའི་ལས་ཡུན་དེ་ཕྱི་ལོ་ ༢༠༡༢ ནས་འགོ་བརྩམས་པ་ཡིན་འདུག་པ་དང་། སྲིད་བློན་གསར་པ་ཞིག་འདེམས་ཐོན་མ་བྱུང་བར་དུ། ཁོང་གིས་མུ་མཐུད་གོ་གནས་རྒྱུན་སྐྱོང་བྱེད་རྒྱུ་ཡིན་འདུག
སྲིད་བློན་ཁོང་ནི་རྙིང་ཞེན་དང་རྒྱལ་ཞེན་ཤིན་ཏུ་ཆེ་བའི་འགོ་ཁྲིད་ཅིག་ཡིན་པ་དང་། ཁོང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་། རྒྱལ་སྲུང་གི་འགྲོ་གྲོན་ཇེ་མང་། རྒྱལ་སྲུང་གི་ལས་དོན་སྲ་བརྟན་ལ་སོགས་པའི་ལས་དོན་མང་པོ་ཞིག་གནང་ན་ཡང་། ཁོང་གི་ཐུགས་འདོད་ལྟར་རང་སྲུང་ཙམ་ལས་གཞན་པའི་གོ་དམག་རྒྱ་སྐྱེད་གཏོང་མི་ཆོག་པའི་ཉི་ཧོང་གི་རྩ་ཁྲིམས་ལ་བསྐྱར་བཅོས་གཏོང་ཐུབ་མི་འདུག
དེ་རིང་ཕྱི་དྲོར་བསྡུས་པའི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་སྐབས། ཁོང་གིས་རང་ཉིད་ཀྱི་ན་ཚ་ཕྱི་ཟླ་བདུན་པའི་ཟླ་དཀྱིལ་ཙམ་ནས་ལོད་དུ་ཕྱིན་ཏེ་ཡང་ཡང་སྨན་བཅོས་བྱེད་དགོས་པར་བརྟེན། སྲིད་བློན་གྱི་གལ་ཆེའི་ལས་འགན་འཐུས་ཤོར་མི་འགྲོ་བའི་ཆེད་དགོངས་པ་ཞུ་བའི་ཐག་གཅོད་གནང་བ་ཡིན་སྐོར་གསུངས་པའི་ཐོག “སྲིད་བྱུས་སྣ་ཚོགས་ཤིག་ལག་བསྟར་བྱེད་པའི་བརྒྱུད་རིམ་དུ་ལུས་ཡོད་པ་མ་ཟད། ལས་ཡུན་མ་རྫོགས་པར་ལོ་གཅིག་ལྷག་པ་དང་། ནད་ཡམས་ཀྱི་དཀའ་ངལ་ཁྲོད་དུ་ང་རང་དགོངས་པ་ཞུ་དགོས་ཁེལ་བས། ངས་ཉི་ཧོང་མི་མང་ལ་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན་”ཞེས་གསུངས་པ་འབྲེལ། མགོ་བོ་བསྒུར་ནས་གུས་དུད་ཞུས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།