ཉི་ཧོང་གིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འཚམས་འདྲི་ཞུས་འདུག
འཛམ་གླིང་གི་རྒྱལ་ཁབ་མང་པོའི་གནད་ཡོད་མི་སྣ་དག་གིས་བཙན་བྱོལ་བོད་མི་ཚོས་མང་གཙོའི་ལམ་ནས་བདམས་པའི་སྲིད་སྐྱོང་ལ་འཚམས་འདྲི་ཞུ་བཞིན་པ་ལྟར། ཉི་ཧོང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འཚམས་འདྲི་ཞུས་འདུག
ཉི་ཧོང་གི་ཤེས་རིག་བློན་ཆེན་ཟུར་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧཱ་ཁུའི་བྷན་(Shimomura Hakubun) གྱིས་བསྐུར་བའི་འཚམས་འདྲིའི་ནང་། ཁོང་གིས་“སྐུ་ཞབས་སྤེན་པ་ཚེ་རིང་ལགས་བཙན་བྱོལ་བོད་གཞུང་གི་སྲིད་བློན་དུ་བདམས་ཐོན་བྱུང་བར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་”ཞེས་གསུངས་འདུག
སྐུ་ཞབས་ཁོང་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རང་དབང་དང་། མང་གཙོ། ཁྲིམས་ཀྱི་སྒྲིག་གཞིའི་རིན་ཐང་ལ་བརྩི་སྲུང་བྱེད་མཁན་གྱི་རྒྱལ་ཁབ་རྣམས་དང་མཉམ་ལས་བྱས་ཏེ་བོད་ཀྱི་གནད་དོན་སེལ་ཐབས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དེ་བཞིན་ཁོང་གིས་ལས་ཡུན་རྫོགས་བཞིན་པའི་སྲིད་སྐྱོང་བློ་བཟང་སེང་གེས་འདས་པའི་ལོ་ངོ་བཅུའི་རིང་ཞབས་ཞུ་བསྒྲུབས་པར་བཀའ་དྲིན་ཆེའང་ཞུས་འདུག
གཞན་ཡང་། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཟུར་པ་དང་། ཉི་ཧོང་བོད་སྐྱོབས་ཚོགས་པའི་(Save Tibet Network Japan)སྐུ་ཚབ་སྐུ་ཞབས་སི་ཤོའུ་(Makino Seishu)ཡིས་ཀྱང་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འཚམས་ཞུའི་འཕྲིན་ཡིག་བསྐུར་བའི་ནང་། ཁོང་གིས་“ད་ལྟའི་དཀའ་ཚེགས་ཀྱི་དུས་སྐབས་འདིར་ཁྱེད་ཀྱིས་སྲིད་བློན་གྱི་ལས་འགན་བཞེས་པ་རེད། ང་ཚོ་ཉི་ཧོང་གིས་ཁྱེད་ལ་ཡོངས་སུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་”ཞེས་གསུངས་འདུག
དམིགས་བསལ་གྱི་རྒྱུ་རྐྱེན་ལ་འགའ་ལ་བརྟེན་ནས་གནས་ཚུལ་ལ་འགྱུར་བ་མ་ཕྱིན་པ་ཡིན་ན། སྤེན་པ་ཚེ་རིང་གིས་སྲིད་སྐྱོང་དམ་འབུལ་ཞུ་བའི་མཛད་སྒོ་དེ་བདུན་ཕྲག་རྗེས་མའི་རེས་གཟའ་ལྷག་པའི་ཉིན་གཏན་འཁེལ་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།