ཉི་ཧོང་གིས་རྒྱལ་སྲུང་དམག་གི་འགྲོ་གྲོན་དེ་ཨ་སྒོར་ཐེར་འབུམ་༥༢ ལ་སྤར་འདུག
འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་འཕྲལ་ཕུགས་གཉིས་ཀའི་ཉེན་ཁ་ཆེ་ཤོས་དེ་མཐོང་ནས་དེ་ལ་གདོང་ལེན་དང་། ཁ་གཏད་གཅོག་པའི་འཆར་གཞི་དང་གྲ་སྒྲིག་བྱེད་ཀྱིན་ཡོད་པ་ལྟར། ཁྱིམ་མཚེས་རྒྱལ་ཁབ་ཉི་ཧོང་གིས་ལོ་རེའི་དམག་གི་འགྲོ་གྲོན་དེ་ཨ་སྒོར་ཐེར་འབུམ་༥༢ ལ་ཡར་སྤར་འདུག་ཅིང་། དེ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ནང་ལོ་རེའི་རྒྱལ་སྲུང་འགྲོ་གྲོན་ཆེས་མཐོ་ཤོས་དེ་ཆགས་ཡོད་འདུག
དེ་རིང་སྟེ་ཕྱི་ཟླ་༡༢ ཚེས་༢༡ རེས་གཟའ་ཟླ་བའི་ཉིན་ཉི་ཧོང་གི་སྲིད་བློན་ཡོ་ཤིད-སཱ་གྷའི(Yoshihide Suga) སྲིད་གཞུང་གིས་དེ་སྔོན་ཕྱི་ཟླ་༩ པའི་ཟླ་སྨད་དུ་རྒྱལ་སྲུང་ལས་ཁུངས་ནས་བཏོན་པའི་འགྲོ་གྲོན་སྔོན་རྩིས་(draft budget) ལ་མོས་མཐུན་བྱས་འདུག་པས། ལོ་རྗེས་མའི་ཕྱི་ཟླ་༤ པ་ནས་བཟུང་སྟེ་རྒྱལ་སྲུང་ལས་ཁུངས་ལ་ཨ་སྒོར་ཐེར་འབུམ་༥༢ ཀྱི་འགྲོ་གྲོན་འཐོབ་རྒྱུ་ཡིན་འདུག་པ་དང་། དེ་ནི་ད་ལོའི་འགྲོ་གྲོན་ལས་བརྒྱ་ཆ་༡. ༡ ཡར་འཕར་བ་ཡིན་འདུག
སྲིད་བློན་སྔོན་མ་ཤིན་ཛོ་ཨ་བྷ་(Shinzo Abe) ཡི་སྲིད་བྱུས་ལྟར། སྲིད་བློན་སཱ་གྷ་ཡིས་ཀྱང་རྒྱལ་སྲུང་འགྲོ་གྲོན་སྤར་བ་དང་། མཚོན་ཆ་ཉོ་བ། མཚོན་ཆ་དེང་རབས་ཅན་དུ་སྒྱུར་བ། མཐུན་ཕྱོགས་རྒྱལ་ཁབ་དང་འབྲེལ་ལམ་ཟབ་ཏུ་གཏོང་བ་སོགས་བྱས་ཏེ་རྒྱ་ནག་ལྟ་བུའི་ཁྱིམ་མཚེས་རྒྱལ་ཁབ་དག་ནས་ཡོང་སྲིད་པའི་དམག་འཁྲུག་གི་ཉེན་ཁ་གདོང་དུ་ལེན་པའི་གྲ་སྒྲིག་ཚགས་ཚུད་བྱེད་བཞིན་ཡོད་འདུག
རྒྱ་ནག་གིས་ཕྱི་ཟླ་༥ པའི་ནང་འདི་ལོའི་རྒྱལ་སྲུང་དམག་གི་འགྲོ་གྲོན་དེ་བརྒྱ་ཆ་༦.༦ ཡར་སྤར་བའི་གསལ་བསྒྲགས་སྤེལ་བས། སྤར་ཚད་དེ་ལོ་ངོ་བཅུ་ཕྲག་གསུམ་གྱི་ནང་ཚུན་དུ་ཆེས་དམའ་ཤོས་ཆགས་ཡོད་ན་ཡང་། ཁྱོན་སྡོམ་དམག་གི་འགྲོ་གྲོན་དེ་མ་མཐར་ཨ་སྒོར་ཐེར་འབུམ་༡༧༨ ཆགས་ཡོད་འདུག
ཉི་ཧོང་རྒྱལ་སྲུང་ལས་ཁུངས་ནས་ཕྱི་ཟླ་༩ པའི་ནང་སྔོན་རྩིས་ཕྱིར་བསྒྲགས་བྱེད་སྐབས། ཋ་ཁོ་ཤི་ཁོ་སློབ་ཆེན་(TaKushoku University) གྱི་རྒྱལ་སྤྱིའི་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཧེ་གྷོ-ས་ཐོ་(Heigo Sato) ཡིས་དེ་ནི་བྱང་ཀོ་རི་ཡའི་ཉེན་ཁར་གདོང་ལེན་དང་། ཨ་རིའི་སྲིད་འཛིན་ཊོམ་གྱི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཡིན་པའི་འགྲེལ་བརྗོད་ཀྱང་བྱས་པའི་ཐོག སྤྱིའི་ཆ་ནས་དེང་སྐབས་“རྒྱལ་སྲུང་འགྲོ་གྲོན་མང་དུ་མི་གཏོང་བའི་དུས་སྐབས་དེ་ཡོལ་ཟིན་པ་རེད་”ཅེས་བཤད་ཡོད།
གསར་འགོད་པ་དཀོན་མཆོག་རབ་བརྟན།