ཉི་ཧོང་དུ་སློབ་གྲྭ་ཞིག་གི་ལས་བྱེད་དང་སློབ་ཕྲུག་རྣམས་ཀྱིས་བོད་ནང་ས་ཡོམ་ལ་གདུང་སེམས་མཉམ་བསྐྱེད་ཆེད་ཞལ་འདེབས་ཕུལ།
ཉི་ཧོང་དུ་སློབ་གྲྭ་ཞིག་གི་ལས་བྱེད་དང་སློབ་ཕྲུག་རྣམས་ཀྱིས་བོད་ནང་ས་འགུལ་གོད་ཆག་བྱུང་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད། རོགས་དངུལ་གསོག་སྒྲུབ་བྱས་ནས་ཞལ་འདེབས་གང་བྱུང་བ་རྣམས་སྐུ་ཚབ་དོན་ཁང་དུ་ཕུལ་ཡོད་ཀྱང་། རོགས་དངུལ་ཇི་ཙམ་ཕུལ་ཡོད་མེད་གནས་ཚུལ་ནང་འཁོད་མི་འདུག

ཉི་ཧོང་དུ་ཡོད་པའི་སེ་ཏ་གྷ་ཡ་ག་ཀུན་(Setagaya Gakuen) སློབ་གྲྭའི་སློབ་ཕྲུག་ཚོས་བོད་མིའི་ཆེད་དུ་རོགས་དངུལ་གསོག་སྒྲུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ཟླ་༡ ཚེས་༣༠ ཉིན། སློབ་གྲྭ་དེའི་སློབ་སྤྱི་ཟུར་པ་སློབ་དཔོན་ཝན་ཧ་ཡ་ཤི་ཤུཡི་(Ven.Hayashi Shuei) དང་སློབ་གྲྭའི་དགེ་ཆེ། ལས་བྱེད། སློབ་ཕྲུག་གི་སྐུ་ཚབ་བཅས་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་ཏེ། ཞལ་འདེབས་བྱུང་བ་རྣམས་སྐུ་ཚབ་དོན་ཁང་ལ་ཕུལ་ཡོད་འདུག་པ་དང་། སློབ་ཕྲུག་སྐུ་ཚབ་ཅིག་གིས་ས་འགུལ་གོད་ཆག་གི་གནོད་འཚེ་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ང་ཚོས་ཞལ་འདེབས་ཆུང་ཆུང་ཞིག་བསྡུ་རུབ་བྱས་ཡོད་ཅེས་བརྗོད་ཡོད་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོས་སློབ་གྲྭའི་ལས་བྱེད་དང་སློབ་ཕྲུག་རྣམས་ལ་བོད་མིའི་ཆེད་དུ་ཞལ་འདེབས་བསྡུ་རུབ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ས་འགུལ་དེ་རང་བྱུང་གིས་མ་ཡིན་པར་མིས་བཟོས་པའི་གོད་ཆག་ཅིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་ཚད་ལས་འདས་པའི་ཆུ་མཛོད་གསར་རྒྱག་དང་། གཏེར་ཁ་སྔོག་འདོན་རྐྱེན་གྱིས་བྱུང་ཡོད་པ་གསལ་སྟོན་གནང་བ་མ་ཟད། སློབ་གྲྭའི་རེ་སྐུལ་ལྟར་བོད་ཀྱི་ལོ་རྒྱུས་དང་། རྒྱ་ནག་གིས་བཙན་འཛུལ་བྱས་ཚུལ། བོད་ནང་ད་ལྟའི་གནས་སྟངས་སྐོར་གསུང་བཤད་གནང་ཡོད་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་བཀོད་འདུག ཡིན་ཡང་། དབྱིན་བོད་གཉིས་ཀྱི་ཐོག་བཀོད་པའི་གསར་འགྱུར་ནང་། ཞལ་འདེབས་ཇི་ཙམ་ཕུལ་ཡོད་མེད་གསལ་ཁ་མི་འདུག
ཉི་ཧོང་དུ་ཡོད་པའི་སློབ་གྲྭ་དེའི་ནང་དུ། དེ་སྔར་༧གོང་ས་མཆོག་ཐེངས་གསུམ་ཆིབས་བསྒྱུར་བསྐྱངས་ནས་སློབ་ཕྲུག་དང་ལས་བྱེད་རྣམས་ལ་བཀའ་སློབ་བསྩལ་ཡོད་འདུག
དིང་རིའི་ས་ཁུལ་ནི་ས་འགུལ་གྱི་ཉེན་ཁ་ཡོད་པའི་ས་ཆ་ཞིག་ཆགས་ཤིང་། ལོ་འདིའི་ཕྱི་ཟླ་༡ ཚེས་༧ ཉིན་ས་འགུལ་རིམ་པ་༧།༡ ཅན་ཞིག་བརྒྱབ་ནས་མི་གྲངས་༡༢༦ ལྷག་འདས་གྲོངས་སུ་ཕྱིན་པ་མ་ཟད། ཁང་ཁྱིམ་༣༨༠༠ ལྷག་གཏོར་སྐྱོན་ཐེབས་ཡོད། དེ་བཞིན་ཕྱི་ལོ་༢༠༠༨ ལོར་ཨ་མདོ་རྔ་བ་ཁུལ་དུ་ས་འགུལ་རིམ་པ་༧།༩ ཅན་ཞིག་བྱུང་ནས་མི་གྲངས་༡༢༠༠༠ གྲོངས་ཡོད་པ་དང་། ཕྱི་ལོ་༢༠༡༠ ལོར་ཡུལ་ཤུལ་ལ་ས་འགུལ་རིམ་པ་༧།༠ ཅན་ཞིག་བྱུང་སྟེ། མི་གྲངས་༣༠༠༠ ལྷག་གྲོངས། ཕྱི་ལོ་༢༠༢༡ ལོ་མཚོ་སྔོན་གྱི་ལྷོ་ཕྱོགས་སུ་ས་འགུལ་རིམ་པ་༧།༣ ཅན་ཞིག་བྱུང་ཡོད་པ་སོགས། འདས་པའི་ལོ་ཁ་ཤས་ནང་བོད་དུ་ས་འགུལ་ཐེངས་མང་བྱུང་ཞིང་། གནས་ཚུལ་རྟོག་ཞིབ་པ་ཚོས་བོད་ལ་ས་འགུལ་ཡང་སེ་ཡོང་དགོས་དོན་ནི་རྒྱ་ནག་གིས་བོད་ལ་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག ཆུ་མཛོད་མང་པོ་གསར་རྒྱག་བྱེད་པ་སོགས་འཛུགས་བསྐྲུན་གྱི་ལས་གཞི་མང་པོ་སྤེལ་པས་ཡིན་པར་བརྗོད།
གསར་འགོད་པ། བློ་བཟང་རྒྱ་མཚོ།