ཉི་ཧོང་ནང་པའི་ལྷན་ཚོགས་ཀྱིས་༧སྐུའི་ཡང་སྲིད་ཐོག་བསྒྲགས་གཏམ་སྤེལ་འདུག 

ཉི་ཧོང་ནང་པའི་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང་། ཡང་སྒོས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་རེད་འདུག 

ཟླ་༡ ཚེས་ ༢༤ ཉིན་ཉི་ཧོང་ནང་པའི་ལྷན་ཚོགས་ཀྱི་སྐུ་ཚབ་དྲུང་ཆེ་མི་ཛུ་ཏ་ནི་ཨི་ཀན་(Mizutani Eikan)དང་། ཨི་ཏོ་ཨི་ནིན་(Itoh Einin)རྣམ་གཉིས་ཉི་འོང་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་ཕེབས་ཀྱིས། སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་དང་མཇལ་འཕྲད་གནང་སྟེ། ཉི་ཧོང་ནང་པའི་ལྷན་ཚོགས་ཀྱི་ཚབ་ཞུས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང་། ཡང་སྒོས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་རེད་འདུག 

ཚོགས་འདུའི་ཐོག་མི་ཛུ་ཏ་ནི་ཨི་ཀན་གྱིས་བསྒྲགས་གཏམ་གྱི་མ་དཔེ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོར་ཕུལ་བ་མ་ཟད། ཉི་ཧོང་ནང་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་དུས་ཡུན་གང་འཚམ་སྔོན་ནས་ཚང་འཛོམས་ཀྱིས་གནད་དོན་དེ་དང་འབྲེལ་བའི་བགྲོ་གླེང་གནང་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ཆོས་དད་མེད་པའི་རྒྱ་ནག་དམར་ཤོག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཆོ་གར་ཐེ་གཏོགས་བྱེད་བཞིན་ཡོད་པ་དང་།  ད་ཆ་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་ཡོད་སྐོར་ཤོད་ཀྱི་ཡོད་ཅེས་གསུངས་པ་མ་ཟད། དེ་ལས་འཕྲོས་ཏེ་ཁོང་གཉིས་ཀྱིས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་ནི་རྒྱལ་སྤྱིའི་ཆོས་དད་བྱེད་མཁན་སྤྱི་དང་སྒོས་སུ་ནང་པར་ཁྱད་གསོད་བྱེད་པ་ཡིན། ང་ཚོ་ནང་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་བསྒྲགས་གཏམ་སྤེལ་བའི་ཐོག་ད་ཆ་ང་ཚོའི་ལངས་ཕྱོགས་གསལ་པོ་བཟོ་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་ལ་བོད་མི་རྣམས་ནས་ནང་པ་སངས་རྒྱས་པའི་ཆོས་རང་དབང་ངང་ཉམས་ལེན་བྱེད་འཇུག་དགོས་པ་མ་ཟད། ༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་མི་བྱེད་པའི་འབོད་སྐུལ་ཞུ་རྒྱུའི་དུས་ལ་བབ་ཡོད་པ་མཐོང་ནས་དེ་ལྟར་ཐག་གཅོད་བྱས་ཡོད་ཅེས་གསུངས་ཡོད་འདུག

ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོས་ཉི་ཧོང་ནང་པའི་ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་སྲིད་པར་ཐུགས་འཚབ་དང་། དེ་འབྲེལ་རྒྱ་ནག་གཞུང་ནས་ཐེ་བྱུས་མི་བྱེད་པའི་འབོད་སྐུལ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཁོང་གིས་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གི་བྱེད་ཕྱོགས་ལ་འཛམ་གླིང་གིས་དོ་སྣང་བྱེད་བཞིན་ཡོད་པ་རྒྱ་གཞུང་རང་གིས་ཤེས་རྟོགས་བྱུང་ཡོད་པ་མ་ཟད། ཐེངས་འདིའི་ཐག་གཅོད་ཀྱིས་རྐྱེན་བྱས་ཏེ་ཆོས་ཚོགས་གཞན་རྣམས་ནས་ཀྱང་དེ་ལྟར་ཐག་གཅོད་གནང་བར་སེམས་འགུལ་ཐེབས་ངེས་ཡིན་པ་གསུངས།

དེ་བཞིན་དྲུང་ཆེ་མི་ཛུ་ཏ་ནི་ཨི་ཀན་གྱིས་ཉི་ཧོང་མི་མང་གིས་༸གོང་ས་ཏཱ་ལའི་བླ་མ་དང་བོད་བརྒྱུད་ནང་བསྟན་ལ་གུས་བརྩི་ཧ་ཅང་ཆེན་པོ་ཡོད་སྟབས། ཁོང་ཚོས་རྒྱ་ནག་གཞུང་གིས་བདམས་པའི་ཏཱ་ལའི་བླ་མར་ནམ་ཡང་ངོས་འཛིན་བྱེད་མི་སྲིད་ཅེས་གསུངས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ད་བར་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་བཀའ་དྲིན་ཐེངས་༢༤ བསྐྱངས་གནང་ཡོད་པ་དང་། དེ་ལས་ཆིབས་སྒྱུར་ཕལ་མོ་ཆེ་བ་ཉི་ཧོང་གི་ནང་པའི་དགོན་པ་དང་ཆོས་ཚོགས་ཁག་གི་གདན་ཞུ་གནང་བ་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:

Leave a Reply