ཉི་ཧོང་རྒྱལ་སྲུང་ལས་ཁུངས་ནས་རྒྱལ་སྲུང་འགྲོ་གྲོན་དེ་བརྒྱ་ཆ་༨.༣ ཡར་སྤར་འཆར།
རྒྱ་ནག་དང་བྱང་ཀོ་རི་ཡའི་དཀའ་ཉེན་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འོག། ཉི་ཧོང་རྒྱལ་སྲུང་ལས་ཁུངས་ནས་༢༠༢༠ ལོའི་རྒྱལ་སྲུང་འགྲོ་གྲོན་དེ་བརྒྱ་ཆ་༨.༣ ཡར་སྤར་རྒྱུ་ཡིན་ཚུལ་བསྒྲགས་འདུག་པ་དང་། དེ་ནི་ལོ་ངོ་ཉི་ཤུའི་ནང་གི་སྤར་བའི་བརྒྱ་ཆ་ཆེས་མཐོ་ཤོས་དེ་ཆགས་ཡོད་འདུག
ཉི་ཧོང་གི་རྒྱལ་སྲུང་ལས་ཁུངས་ནས་དེ་རིང་རེས་གཟའ་ལྷག་པའི་ཉིན་ཨ་སྒོར་ཐེར་འབུམ་༥༡.༩ ཡི་འགྲོ་གྲོན་སྔོན་རྩིས་(draft budget)ཕྱིར་བསྒྲགས་བྱས་པ་དང་། དྲ་བའི་འཇབ་རྒོལ་དང་། བར་སྣང་གི་རྒོལ་བ་ལ་སོགས་པའི་ཉེན་ཁ་གསར་པ་རྣམས་ལ་གདོང་ལེན་བྱེད་ཆེད་འགྲོ་གྲོན་འབོར་ཆེན་དེ་དགོས་ཚུལ་བཤད་འདུག
རྒྱལ་སྲུང་ལས་ཁུངས་ནས་བཏོན་པའི་འགྲོ་གྲོན་སྔོན་རྩིས་དེ་ལས། ཨ་སྒོར་ས་ཡ་༦༩༠ རང་སྲུང་མཁའ་དམག་དང་། བར་སྣང་ལྟ་སྲུང་མ་ལག་རྒྱ་སྐྱེད་ཆེད་དུ་ཡིན་འདུག་པ་དང་། ཨ་སྒོར་ས་ཡ་༣༤༠ ནི་དྲ་རྒོལ་སྔོན་འགོག་སྐྱོབ་པ་ལ་སོགས་པའི་ཐོག་ཏུ་གཏོང་འཆར་ཡོད་འདུག
འགྲོ་གྲོན་སྔོན་རྩིས་དེ་ལ་འདི་ལོའི་ལོ་མཇུག་ཏུ་ཉི་ཧོང་གི་གྲོས་ཚོགས་ནས་ཆོག་མཆན་འཐོབ་དགོས་པ་དང་། གལ་སྲིད་གྲོས་ཚོགས་ནས་ཆོག་མཆན་ཐོབ་པ་ཡིན་ན། འདས་པའི་ལོ་ངོ་༢༠ ནང་གི་འགྲོ་གྲོན་སྤར་བའི་བརྒྱ་ཆ་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག
ཋོར་ཁེའོ་རྒྱལ་སྤྱིའི་ཡེ་ཤུའི་སློབ་ཆེན་(Tokyo’s International Christian University) གྱི་སློབ་དཔོན་སི་ཋ་ཧྥན-ནཱ་གྷ་(Stephen Nagy) ཡིས་ཉི་ཧོང་གི་རྒྱལ་སྲུང་འགྲོ་གྲོན་མང་དུ་བཏང་བ་དེ་རྒྱ་ནག་དང་། ཐའེ་ཝན། ལྷོ་ཀོ་རི་ཡ་འདུས་པའི་ཤར་ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ཀྱི་དམག་ཤུགས་རྒྱ་སྐྱེད་ཀྱི་རྗེས་ཟིན་ཆེད་ཡིན་ཚུལ་བཤད་འདུག
རྒྱ་ནག་གིས་འདི་ལོའི་ཕྱི་ཟླ་༥ པའི་ནང་དམག་གི་འགྲོ་གྲོན་དེ་བརྒྱ་ཆ་༦.༦ ཡར་སྤར་བའི་གསལ་བསྒྲགས་སྤེལ་ཡོད་པས། དམག་གི་འགྲོ་གྲོན་ཁྱོན་སྡོམ་དེ་མ་མཐར་ཨ་སྒོར་ཐེར་འབུམ་༡༧༨ ཆགས་ཡོད།
སློབ་དཔོན་སི་ཋ་ཧྥན-ནཱ་གྷ་ཡིས་ཉི་ཧོང་གི་རྒྱལ་སྲུང་འགྲོ་གྲོན་ཆེ་རུ་བཏང་བ་དེ་རྒྱ་ནག་གི་དམག་ཤུགས་རྒྱ་སྐྱེད་ཀྱི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཡིན་ཚུལ་བརྗོད་པ་འདུག་ལ། ཋ་ཁོ་ཤི་ཁོ་སློབ་ཆེན་(TaKushoku University) གྱི་རྒྱལ་སྤྱིའི་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཧེ་གྷོ-ས་ཐོ་(Heigo Sato)ཡིས་རྒྱལ་སྲུང་འགྲོ་གྲོན་ཆེ་རུ་བཏང་བ་དེ་བྱང་ཀོ་རི་ཡའི་ཉེན་ཁ་གཏོང་ལེན་ཆེད་ཡིན་པ་མ་ཟད། ཨ་རིའི་སྲིད་འཛིན་ཊོམ་གྱི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཡིན་པའི་འགྲེལ་བརྗོད་ཀྱང་བྱས་པའི་ཐོག སྤྱིའི་ཆ་ནས་དེང་སྐབས་“རྒྱལ་སྲུང་འགྲོ་གྲོན་མང་དུ་མི་གཏོང་བའི་དུས་སྐབས་དེ་ཡོལ་ཟིན་པ་རེད་”ཅེས་བཤད་འདུག
རྒྱ་ནག་གིས་མགྱོགས་མྱུར་དམག་ཤུགས་དེང་རབས་ཅན་དུ་སྒྱུར་བཞིན་ཡོད་པར་བརྟེན། ཉི་ཧོང་གིས་ཨ་རི་དང་ཨ་ཤི་ཡའི་ཞི་བདེ་རྒྱ་མཚོའི་མཐུན་གྲོགས་རྒྱལ་ཁབ་རྣམས་ལ་འབྲེལ་བ་དམ་ཟབ་འཛུགས་བཞིན་ཡོད།
ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཋ་རོ-ཁོ་ནོ་(Taro Kono)ཡིས་ཟླ་སྔོན་མར་ཨ་རིའི་གསར་ཁང་སི་ཨན་ཨན་(CNN)ལ་གལ་སྲིད་པེ་ཅིང་གིས་མུ་མཐུད་ལྷོ་རྒྱ་ནག་རྒྱ་མཚོར་འཇིགས་སྐུལ་བྱས་པ་ཡིན་ན། “རིན་དོད་མཐོན་པོ་”འཇལ་དགོས་འཁེལ་རྒྱུ་རེད། “ལྷོ་རྒྱ་ནག་རྒྱ་མཚོར་རང་དབང་དང་ལྷིང་འཇགས་ཡོང་རྒྱུ་དེ་འཛམ་གླིང་གི་ས་ཁུལ་གཞན་དང་གཅིག་མཚུངས་ཀྱིས་གལ་ཆེན་པོ་ཆགས་ཡོད་པ་དང་། དེར་ཅི་ཞིག་བྱུང་མིན་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་ཡོད་”ཅེས་རྒྱ་ནག་ལ་ཉེན་བརྡ་བཏང་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།