ཉི་ཧོང་ཨཱོ་ཀ་མིག་གི་ཆེད་ལས་སྨན་པའི་མཐུན་ཚོགས་ཀྱིས་བདེ་ལེགས་སྨན་ཁང་དུ་རིན་མེད་མིག་གི་སྐྱ་འགྲིབ་གཤག་བཅོས་ཐེངས་༢༢ པ་དེ་གནང་།

རྡ་ས་བདེ་ལེགས་སྨན་ཁང་གི་གོ་སྒྲིག་འོག་ཉི་ཧོང་ཨཱོ་ཀ་མིག་གི་ཆེད་ལས་སྨན་པའི་མཐུན་ཚོགས་ཀྱིས་བོད་མི་དང་རྒྱ་གར་བ་རྣམས་རིན་མེད་མིག་གི་སྐྱ་འགྲིབ་གཤག་བཅོས་གནང་འདུག

ཕྱི་ལོ་༢༠༢༤ ཟླ་༡༢ ཚེས་༢༤ ནས་ཚེས་༢༦ བར་དུས་ཡུན་ཉིན་གསུམ་རིང་རྡ་ས་བདེ་ལེགས་སྨན་ཁང་གི་གོ་སྒྲིག་འོག ཉི་ཧོང་ཨཱོ་ཀ་མིག་གི་ཆེད་ལས་སྨན་པའི་མཐུན་ཚོགས་ཀྱིས་བོད་མི་དང་རྒྱ་གར་བ་རྣམས་ལ་རིན་མེད་མིག་གི་སྐྱ་འགྲིབ་གཤག་བཅོས་ཐེངས་༢༢ པ་དེ་གནང་འདུག་པ་དང་། ཐེངས་འདིར་སྔོན་འགྲོའི་བརྟག་དཔྱད་བྱེད་མཁན་མི་༢༣༤ དང་། གཤག་བཅོས་དངོས་སུ་གཏོང་དགོས་མཁན་མི་༣༠ བྱུང་ཡོད་པ་ལས།  བོད་མི་༡༢༩ དང་རྒྱ་གར་བ་༡༠༥ བཅས་ཡིན་འདུག 

མིག་སྨན་བཅོས་ཀྱི་ལས་གཞི་འདི་ག་དུས་འགོ་བཙུགས་ཡོད་མེད་སོགས་ཀྱི་སྐོར་བདེ་ལེགས་སྨན་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལ་བཅར་འདྲི་ཞུ་སྐབས། 
ཁོང་གིས། ཐོག་མར་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གིས་དོན་གཅོད་བརྒྱུད་ནས་བོད་པའི་སྤྱི་ཚོགས་ནང་མིག་ལ་སྐྱ་འགྲིབ་ཡོད་མཁན་ལ་གཤག་བཅོས་གཏོང་རྒྱུའི་རོགས་པ་བྱེད་ཀྱི་ཡིིན་ཞེས་བདེ་ལེགས་སྨན་ཁང་དུ་འབྲེལ་བ་གནང་བས། འདི་ནས་ཡག་པོ་འདུག་ཅེས་ཕར་འབྲེལ་བ་ཞུས་པ་དང་། དང་པོའི་ལས་གཞི་འདིའི་དམིགས་ཡུལ་བོད་པ་རང་ཡིན་ཡང་རྡ་རམ་ས་ལ་མི་འབོར་ཆུང་ཆུང་ཡིན་པས་ལས་གཞི་སྤེལ་བའི་ཞོར་ལ་བོད་པ་གཅིག་པུར་མིན་པར་ཡུལ་མི་དང་ཚང་མར་ཕན་ཐོགས་ན། འགྲོ་གྲོན་ནི་གཤག་བཅོས་གཏོང་བྱེད་འཕྲུལ་ཆས་འདི་གཡར་དགོས་ཤིང་། དེའི་གཡར་གླ་ཉིན་གཉིས་ལ་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ་ཙམ་འགྲོ་གི་ཡོད་པས་གཅིག་པ་རེད་འདུག་བསམས་ཏེ་རྒྱ་གར་དང་བོད་པ་གཉིས་ཀར་བྱས་ན་ང་ཚོས་མོས་མཐུན་བྱ་རྒྱུ་ཡིན་ཞེས་ཞུས་ཏེ། ལས་གཞི་འདི་ཕྱི་ལོ་༢༠༠༠ ལོར་འགོ་བཙུགས་ཤིང་། ད་ལྟ་བར་སྤྱིར་ལོ་༢༥ འགྲ་ོགི་ཡོད་པ་དང་། ཐེངས་འདི་མིག་གཤག་བཅོས་ཀྱི་ལས་གཞི་སྤེལ་ཐེངས་༢༢ པ་དེ་ཡིན་པར་བརྗོད་གནང་སོང་། 

དེ་བཞིན་འགྲོ་གྲོན་གཏོང་ཕྱོགས་སོགས་ཀྱི་ཐད་ལ། ཉི་ཧོང་ནས་སྨན་པ་དང་མིག་ནང་འཇུག་རྒྱུའི་མིག་ཤེལ། ཁོང་ཚོའི་ལམ་གྲོན་དང་སྡོད་ས་སོགས་ཁོང་ཚོས་འདོན་གྱི་ཡོད་པ་དང་། དེ་མིན་པའི་ས་གནས་ས་ཐོག་གི་འགན་དང་འགྲོ་སོང་ཚང་མ་བདེ་ལེགས་སྨན་ཁང་ནས་ཁུར་དགོས་ཀྱི་ཡོད་པ། ལས་གཞི་འདི་སྤེལ་བ་ལ་ཛོ་ནང་སྨན་ཁང་ནས་རྒྱ་གར་གཞུང་གི་བཀའ་འཁྲོལ་དགོས་པ་དང་བཀའ་འཁྲོལ་མེད་ཚེ་གཤག་བཅོས་སོགས་ཀྱི་ལས་ཀ་ཐད་ཀར་བྱེད་ཆོག་མེད་པར་བརྗོད་གནང་སོང་ལ། མུ་མཐུད་དུ། ཁོང་ཚོས་རྒྱ་གར་ཡང་མཉམ་དུ་བྱས་ན་འགྲིག་གི་རེད་ཅེས་ཁས་ལེན་གནང་རྗེས། ཁོང་གིས་རྒྱ་གར་གྱི་མི་མང་པོ་བསླེབ་རྒྱུའི་ཆེད་དུ་ས་གནས་ཀྱི་rotary ཚོགས་པ་ལ་འབྲེལ་བ་གནང་འདུག་པ་དང་། ཚོགས་པ་དེ་རྒྱ་གར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཡིན་འདུག ཚོགས་པ་དེ་འབྲེལ་བ་གནང་དོན་མཐུན་ལམ་གྱི་ཆེད་དང་གཙོ་བོ་རྒྱ་གར་གྱི་ནད་པ་རྣམས་ལ་ཁྱབ་བསྒྲགས་སྤེལ་བ་སོགས་ཀྱི་ཆེད་དུ་ཡིན་འདུག ཁོང་ཚོས་སྨན་བཅོས་ལས་གཞི་འདི་ཚར་རྗེས་སྨན་པ་རྣམས་ལ་ཞལ་ལག་གཏང་རྒྱུའི་འགན་དེ་འཁུར་གྱི་ཡོད་འདུག་པ་དང་། བདེ་ལེགས་སྨན་ཁང་གི་ངོས་ནས་སྨན་པ་རྣམས་ལ་ཕྱག་རྟགས་རེ་འབུལ་བ་དང་། ༧གོང་ས་མཆོག་མཇལ་ཁ་ཞུ་རུ་འཁྲིད་ཀྱི་ཡོད་འདུག་པ་བཞིན། འདི་ལོ་ཕྱི་ཟླ་༡༢ ཕྱི་ཚེས་༢༧ ཉིན་༧གོང་ས་མཆོག་མཇལ་ཁ་འཁྲིད་རྒྱུ་རེད་འདུག ཐེངས་གཅིག་སྨན་པ་ཚོ་༧གོང་ས་མཆོག་ལ་མཇལ་ཁ་འཁྲིད་སྐབས། མགོན་པོ་གང་ནས་ང་ཚོ་སྙིང་རྗེ་ཁ་ནས་ཤོད་མཁན་དང་ཁྱེད་ཚོ་སྙིང་རྗེ་ལག་ལེན་བསྟར་མཁན་ཡིན་པ་སོགས་ཀྱི་བསྔགས་བརྗོད་གནང་བས་ཁོང་ཚོ་ཧ་ཅང་དགའ་ཡོད་པར་བརྗོད་གནང་སོང་། ལས་གཞི་འདི་རྡ་ས་གཅིག་པུར་མིན་པར་གཞིས་ཆགས་གཞན་ཁག་ཏུ་སྤེལ་ཡོད་མེད་འདྲི་སྐབས། ཏོག་དབྱིབས་ནད་ཡམས་སྔོན་དུ་སྦེལ་ཀོབ་ཏུ་ཐེངས་གསུམ་ཙམ་སྤེལ་ཡོད་པར་བརྗོད། མིག་གཤག་བཅོས་འདི་པ་ལམ་དུ་པུང་དུ་ཡོད་པའི་Rotary སར་བཏང་ན། ཁོང་ཚོ་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཡིན་ཡང་ཁྲི་གཉིས་དང་ཕྱེད་ཙམ་གནས་ཀྱི་ཡོད་པ་དང་། བདེ་ལེགས་སྨན་ཁང་དུ་དགོང་དག་དང་ཞོགས་པའི་ཁ་ལག་སྤྲད་པའི་ཐོག ཟླ་བ་གཅིག་གི་མིག་སྨན་བཅས་ཚང་མ་རིན་མེད་ཡིན་པར་བརྗོད་གནང་སོང་། ལས་གཞི་འདིའི་བརྒྱུད་ནས་ད་བར་མི་༦༨༢༤ ལ་བརྟག་དཔྱད་དང་། ༡༢༦༩ ཡི་མིག་གཤག་བཅོས་བཏང་ཡོད་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།