ཉིན་གཅིག་ལ་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་ཉེན་སྐྱོབ་བྱས་པ།

ལི་བྷེ་ཡའི་མཚོ་ཐོག་ནས་སྐྱབས་བཅོལ་བ་༦,༥༠༠ ཉེན་སྐྱོབ་བྱས་ཡོད་འདུག་པ་དང་། དེ་ནི་ད་བར་ཉིན་གཅིག་རིང་ཉེན་སྐྱོབ་བྱས་པའི་གྲངས་འབོར་ཆེ་ཤོས་ཡིན་འདུག

14169625_1242519095771957_251158569_nཟླ་འདིའི་ཚེས་༣༠ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ། ཟླ་འདིའི་ཚེས་༢༩ ཉིན་ཨི་ཊ་ལའི་མཚོ་ཁའི་སྐོར་སྲུང་བ་དང་། གཞུང་འབྲེལ་མ་ཡིན་པའི་ཉེན་སྐྱོབ་ཚོགས་པ་ཁག་གཉིས་བཅས་ཀྱིས། ལི་བྷི་ཡའི་གྲོང་སྡེ་སཱ་བྷེ་ར་ཐ་ལས་རྒྱང་ཐག་ཀི་ལོ་མི་ཊར་༢༠ ཙམ་གྱི་མཚོ་ཐོག་ན། སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་གྲུ་གཟིངས་ཐེབས་ཆག་འདྲ་མིན་ནང་དུ་སླེབས་བཞིན་ཡོད་པ་མཐོང་ནས། ཉེན་སྐྱོབ་ཀྱི་ལས་འགུལ་ཐེངས་༤༠ ཙམ་སྤེལ་ནས། སྐྱབས་བཅོལ་བ་སྟོང་ཕྲག་དྲུག་ལས་མང་བ་ཉེན་སྐྱོབ་བྱེད་ཐུབ་འདུག དེ་བཞིན་མཚོ་ཁུལ་དེར་ཉིན་གཅིག་གི་སྔོན་དུ་སྐྱབས་བཅོལ་བ་༡,༡༠༠ ཉེན་སྐྱོབ་བྱས་ཡོད་འདུག

ལི་བྷི་ཡ་རྒྱལ་ཁབ་དེ་ཉིད་ཀྱི་ཆབ་སྲིད་ལྷིང་འཇགས་མེད་པས། དེ་ནས་ཁྲིམས་འགལ་ཐོག་མི་གཏོང་མཁན་ཚོས་སྐྱབས་བཅོལ་བ་ཚོ་ལ་དངུལ་འཕོན་ཆེན་བླངས་ནས། ཁོ་ཚོའི་བདེ་འཇགས་ལ་སེམས་ཁུར་མེད་པར་གྲུ་གཟིངས་ཐེབས་ཆག་ནང་ཡུ་རོབ་ཏུ་གཏོང་བར་ལས་སླ་པོ་ཆགས་ཡོད་འདུག ལོ་དེར་ཨི་ཊ་ལིར་མཚོ་ཐོག་ནས་སྐྱབས་བཅོལ་བ་༡༠༦,༠༠༠ འབྱོར་ཡོད་པ་དང་མི་གྲངས་༢,༧༢༦ ཤི་ཡོད་འདུག ཁྱོན་བསྡོམས་པའི་ལོ་དེར་ཡུ་རོབ་ལ་བརྒྱུད་ལམ་འདྲ་མིན་ཐོག་ནས་སྐྱབས་བཅོལ་བ་མི་གྲངས་༢༨༤,༠༠༠ འབྱོར་ཡོད་པ་རེད་འདུག

ལོ་སྔོན་མར་སི་རི་ཡའི་དམག་འཁྲུག་ལས་བྲོས་བྱོལ་ཡོང་མཁན་མི་གྲངས་ས་ཡ་གཅིག་ལས་མང་བ་ཡུ་རོབ་ཏུ་སླེབས་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་ཁར། ཡུ་རོབ་ལུང་པ་མང་པོ་ཞིག་གིས་སྐྱབས་བཅོལ་བ་ལེན་རྒྱུ་མཚམས་འཇོག་བྱས་ཡོད་པ་རེད། ལོ་དེར་ཡུ་རོབ་ལྷོ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ནེ་ཇེ་རི་ཡ་དང་གྷམ་བྷི་ཡ། སོ་མ་ལི་ཡ་སོགས་ཀྱི་ནང་འཁྲུག་དང་དྲག་རྩུབ། དབུལ་འཕོང་སོགས་ཀྱི་དཀའ་ངལ་ལས་བྲོས་བྱོལ་ཡོང་མཁན་༢༤༨,༠༠༠ བྱུང་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།