ཉིན་གཉིས་ནང་གྲོང་ཁྱེར་བཞིར་དྲག་རྒོལ།
ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ནང་སྟོན་པ་ཡེ་ཤུའི་སྐྱེས་སྐར་དུས་ཆེན་དང་ལོ་གསར་པའི་དུས་ཆེན་སོགས་བརྩི་སྲུང་བྱེད་རན་པ་དང་བསྟུན་ནས། ཟླ་འདིའི་ཚེས་༡༨ དང་༡༩ སྟེ་ཉིན་གཉིས་རིང་ལུང་པ་འདྲ་མིན་གྱི་གྲོང་ཁྱེར་བཞིར་དྲག་རྒོལ་བྱུང་ནས། ཉུང་མཐར་མི་༧༥ ཡི་ཚེ་སྲོག་ཤོར་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༨ ཉིན་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཇོར་ཌེན་གྱི་གྲོང་ཁྱེར་ཀཱ་རག་ནང་གི་ཡུལ་སྐོར་སྤྲོ་འཆམ་མང་པོ་འཛོམས་ཡུལ་གྱི་རྒྱལ་ཁང་ཞིག་གི་མདུན་དུ། ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨའི་སེ་སེའི་ཚོགས་མི་བཞིས་མེ་མདའ་སྦག་སྦག་དང་ལག་འབོམ་ཁྱེར་ནས། མི་མང་ལ་དྲག་རྒོལ་བྱས་འདུག་པས། དེ་ལས་མི་༡༠ ཡི་ཚེ་སྲོག་ཤོར་བ་དང་མི་༣༤ ལ་རྨས་སྐྱོན་ཕོག་ཡོད་འདུག གནད་དོན་དེ་ནི་ལོ་ངོ་བཅུ་ཕྲག་གཅིག་ལས་མང་བའི་ནང་། འཇིགས་སྐུལ་རིང་ལུགས་པས་རྒྱལ་ཁབ་དེའི་མི་སེར་ལ་དྲག་རྒོལ་བྱས་པ་ཐེངས་དང་པོ་ཆགས་ཡོད་པ་དང་། དྲག་སྤྱོད་པ་བཞི་དེ་དག་ཡང་ཉེན་རྟོག་པས་བསད་ཡོད་འདུག
དེ་བཞིན་ཉིན་དེར་ཁ་ཆེའི་རྒྱལ་ཁབ་ཡེ་མེན་གྱི་གྲོང་ཁྱེར་ཨ་ཌེན་ནང་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨའི་སེ་སེའི་ཚོགས་པ་རང་མེད་གཞན་མེད་འབར་གས་གཏོར་མཁན་ཞིག་གིས་འབར་རྫས་གཏོར་ནས། ཉུང་མཐར་དམག་མི་༥༢ བསད་པ་དང་༣༤ ལ་རྨས་སྐྱོན་བཟོས་ཡོད་འདུག ས་གནས་དེར་དེ་སྔོན་ཟླ་༡༢ པའི་ཚེས་༡༠ ཉིན་ཉུང་མཐར་དམག་མི་༤༨ འཇིགས་སྐུལ་རིང་ལུགས་པས་བསད་ཡོད་འདུག
ཟླ་འདིའི་ཚེས་༡༩ ཉིན་ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཇར་མན་གྱི་རྒྱལ་ས་བྷེར་ལེན་ནང་སྟོན་པ་ཡེ་ཤུའི་དུས་ཆེན་དང་འབྲེལ་བའི་ཚོང་ཟོག་གི་ཁྲོམ་རའི་མི་ཚོགས་དཀྱིལ་དུ། ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཨའི་སེ་སེའི་ཚོགས་མི་ཞིག་གིས་དོ་སྐྱེལ་རླངས་འཁོར་ཞིག་བཏང་ནས། མི་༡༢ བསད་པ་དང་༤༨ ལ་རྨས་སྐྱོན་བཟོས་ཡོད་པ་དང་། ད་ལྟའི་ཆར་དྲག་རྒོལ་བ་དེ་འཛིན་བཟུང་ཐུབ་མེད་པ་རེད། དྲག་རྒོལ་གྱི་བྱེད་སྟངས་གཅིག་མཚུངས་དེ་འདྲ་ཞིག དེ་སྔོན་ཟླ་༧ པའི་ནང་ཧྥ་རན་སིའི་གྲོང་ཁྱེར་ནཱི་སེའི་ནང་བྱས་ཡོད་པ་དང་། དེ་གར་མི་༨༦ བསད་པ་དང་༢༠༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་པ་རེད།
དེ་བཞིན་ཉིན་དེར་ཏུར་ཀིའི་རྒྱལ་ཁབ་ཀྱི་རྒྱལ་ས་ཨན་ཀ་རིར་རི་མོའི་འགྲེམས་སྟོན་ཞིག་གི་སྐབས། ཨུ་རུ་སུའི་གཞུང་ཚབ་པར་ལོ་༢༢ ཡིན་པའི་ཏུར་ཀིའི་ཉེན་རྟོག་པ་ཞིག་གིས་མེ་མདའ་བརྒྱབ་ནས་བསད་ཡོད་པ་དང་། ཁོ་ཡང་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་ཡོད་འདུག གནད་དོན་དེར་ཨུ་རུ་སུ་དང་ཏུར་ཀི་གཉིས་ཀྱིས་དཀྲོག་རྐྱེན་གྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱས་ཡོད་པ་ལས། རྒྱལ་ཁབ་གཉིས་ཀྱིས་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་བའི་ལས་འགུལ་དང་སི་རི་ཡར་ཞི་བདེ་ལྷིང་འཇགས་ཡོང་ཐབས་བྱེད་བཞིན་པའི་མཉམ་ལས་ལ་དོ་ཕོག་འགྲོ་རྒྱུ་མིན་སྐོར་བརྗོད་ཡོད་འདུག
སྤྱིར་བཏང་སི་རི་ཡ་དང་ཨི་རག་ནང་དུ་ཁ་ཆེ་འཇིགས་སྐུལ་རིང་ལུགས་ཨའི་སེ་སེར་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གཙོས། ཨུ་རུ་སུ་སོགས་ཀྱི་དམག་གིས་ཕམ་ཉེས་བཏང་དང་གཏོང་བཞིན་པས་སྟོབས་ཤུགས་ཉམས་བཞིན་ཡོད་ཀྱང་། ཚོགས་པ་དེའི་ཚོགས་མི་རྣམས་ཀྱིས་རྒྱལ་ཁབ་གང་སར་དྲག་རྒོལ་བྱས་ཏེ་མི་མང་དཀྱུས་མ་མང་པོའི་ཚེ་སྲོག་བཅད་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།