ཉིན་གྲངས་༥༠༠ ཡི་རྗེས་སུ་ཨི་ཛེ་རིལ་ལ་གཞུང་གསར་པ་ཞིག་འཛུགས་ཐུབ་འདུག
ཨི་ཛེ་རིལ་གྲོས་ཚོགས་ཀྱིས་སྲིད་བློན་ནཱེ་ཐན་ཡ་ཧུ་དང་ཁོང་གི་ཁ་གཏད་གཙོ་བོ་གྷན་ཛ་གཉིས་ཀྱིས་སྣེ་ཁྲིད་པའི་ཟླ་སྒྲིལ་གྱི་གཞུང་གསར་པ་ཞིག་ལ་རྒྱབ་སྐྱོར་བྱས་འདུག གནད་དོན་དེ་ཡང་ཉིན་གྲངས་༥༠༠ དང་འོས་བསྡུ་གསུམ་གྱི་རྗེས་སུ། གཞུང་གསར་པ་ཞིག་འཛུགས་ཐུབ་པ་བྱུང་བ་ཡིན་འདུག
ཟླ་༥ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨི་ཛེ་རིལ་གྱི་གྲོས་ཚོགས་ནང་དུ་འཐུས་མི་༧༣ གྱིས་སྲིད་བློན་ནཱེ་ཐན་ཡ་ཧུ་དང་ཁ་གཏད་པ་གཙོ་བོ་གྷན་ཛ་གཉིས་ཀྱི་ཟླ་སྒྲིལ་གཞུང་གསར་པ་ཞིག་གིས། ལོ་གསུམ་རིང་རྒྱལ་ཁབ་འཛིན་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་མང་མོས་ཐོབ་ཡོད་འདུག འཐུས་མི་༤༩ ཡིས་དགག་བྱ་བྱས་འདུག དེ་ཡང་ཐོག་མར་སྲིད་བློན་ནཱེ་ཐན་ཡ་ཧུ་ཡིས་ཟླ་བ་༡༨ རིང་སྲིད་བློན་གྱི་ལས་ཁུར་བྱེད་རྒྱུ་དང་། དེའི་རྗེས་སུ་གྷན་ཛ་ལ་རྩིས་སྤྲོད་བྱེད་རྒྱུ་ཐག་གཅོད་བྱུང་ཡོད་འདུག
འདས་པའི་ཉིན་གྲངས་༥༠༠ ལྷག་ནང་ཨི་ཛེ་རིལ་དུ་འོས་བསྡུ་ཐེངས་གསུམ་བྱས་ཀྱང་། གཞུང་འཛིན་བྱེད་པའི་དགོས་ངེས་ཀྱི་གྲོས་ཚོགས་རྐུབ་སྟེགས་ཐོབ་མཁན་སྲིད་དོན་ཚོགས་པ་ཞིག་བྱུང་མེད་ཁར། གཞུང་འཛིན་བྱེད་ཆེད་དུ་སྲིད་དོན་ཚོགས་པ་བར་ཟླ་སྒྲིལ་གྱི་མོས་མཐུན་ཡང་བྱུང་ཐུབ་མེད་པས། ད་བར་གཞུང་བརྟན་པོ་ཞིག་མེད་པ་ལྷག་ཡོད་འདུག
ཨི་ཛེ་རིལ་གྱི་ཆེས་མཐོའི་ཁྲིམས་ཁང་དུ། སྲིད་བློན་ནཱེ་ཐན་ཡ་ཧུ་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་ཡོད་པས། གཞུང་འཛིན་བྱེད་པའི་ཆ་རྐྱེན་ཚང་མེད་པ་དང་། སྲིད་དོན་ཚོགས་པ་དེ་གཉིས་བར་གྱི་ཟླ་སྒྲིལ་མོས་མཐུན་ནང་གི་ཆ་རྐྱེན་ཁག་ཅིག་ཁྲིམས་མཐུན་ཆགས་ཀྱི་མེད་པའི་ཞུ་གཏུག་བྱེད་མཁན་བྱུང་འདུག་ཀྱང་། ཁྲིམས་ཁང་གིས་སྲིད་བློན་ཁོང་གིས་ཉེས་འཛུགས་དེ་དག་ངོས་ལེན་བྱེད་ཀྱི་མེད་པས། ཁྲིམས་ཐོག་ནས་གཞུང་གསར་པ་འཛུགས་པར་དགག་བྱ་བྱེད་པའི་རྒྱུ་མཚན་མེད་པ་དང་། འོན་ཀྱང་གཞུང་གསར་པ་དེར་ངོས་ལེན་བྱེད་པའི་ཐག་གཅོད་དེས་ཉེས་འཛུགས་ཀྱི་ཚབས་ཆེན་རང་བཞིན་ཆུང་དུ་གཏོང་ཐབས་བྱེད་ཀྱི་མེད་པ། ཉེས་འཛུགས་དེ་དག་ཐོག་ཟླ་༥ པའི་ཚེས་༢༤ ཉིན་ནས་ཁོང་དང་འབྲེལ་བའི་ཉན་ཞིབ་འགོ་འཛུགས་བྱེད་རྒྱུ་ཡིན་པས་ཐག་གཅོད་བྱུང་རྒྱུ་ཡིན་སྐོར་བརྗོད་འདུག ཨེ་ཛི་རིལ་གྱི་ཁྲིམས་ནང་དུ་ཉེས་འཛུགས་བྱས་པའི་བློན་ཆེན་རྣམས་ལས་ཁུར་བྱེད་ཆོག་གི་མེད་ཀྱང་། སྲིད་བློན་ལ་ཁྲིམས་དེ་འདྲ་ཞིག་མེད་པ་རེད་འདུག
ཨེ་ཛི་རིལ་གྱི་སྲིད་བློན་ནཱེ་ཐན་ཡ་ཧུ་ཡིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ། པཱེ་ལི་སེ་ཐན་གྱི་ས་ཐོག་ཏུ་འཛུགས་སྐྲུན་བྱས་པའི་ཇེའུ་གཞིས་སྒར་རྣམས་ཀྱི་བདག་དབང་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་གཞིས་སྒར་དེ་དག་ཁྲིམས་འགལ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་ས་གནས་གཞན་ཁག་ཅིག་བདག་བཟུང་བྱེད་རྒྱུ་ཁས་ལེན་བྱས་ཡོད་པ་རེད་པས། གལ་ཏེ་ལས་དོན་དེ་དག་དངོས་སུ་ལག་བསྟར་བྱས་ཚེ། དཀྱིལ་ཤར་ཡུལ་གྲུའི་བརྟན་ལྷིངས་ལ་དོ་ཕོག་ཆེན་པོ་གཏོང་ཉེན་ཡོད་པས། ཡུ་རོབ་མཐུན་ཚོགས་ཀྱིས་ཐག་གཅོད་དེ་ལག་བསྟར་མི་ཡོང་བའི་ཆེད་དུ་གྲོས་མོལ་གང་ཡོང་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།