ཉིན་རེར་བཙན་གཡེམ་གྱི་གནས་ཚུལ་དྲུག་རེ་ཐོ་འགོད་བྱས་ཡོད་པ།
རྒྱ་གར་ནང་བཙན་གཡེམ་གྱི་གནས་ཚུལ་མང་ཤོས་འབྱུང་ཡུལ་རྒྱལ་ས་དྷི་ལིར་ལོ་འདིའི་ཟླ་༡༡ པའི་ཚེས་༣༠ བར། ཉིན་རེར་བཙན་གཡེམ་གྱི་གནས་ཚུལ་ཉེན་རྟོག་ཁང་ལ་ཐོ་འགོད་བྱས་པ་ཆ་སྙོམས་༦ རེ་བྱུང་འདུག
དེ་ཡང་ཟླ་འདིའི་ཚེས་༡༧ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༢ ལོར་སྐྱེས་པ་༥ ཡིས་ལམ་དུ་འགྲོ་བཞིན་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གི་ནང་དུ་སློབ་ཕྲུག་བུ་མོ་ཞིག་ལ་བཙན་གཡེམ་བཏང་བ་དང་། མོའི་མོ་མཚན་ནང་དུ་ལྕག་ཧྲེང་བླུགས་པ་སོགས་བྱས་ནས་གྲོངས་པའི་རྗེས། རྒྱ་གར་གྱི་ས་གནས་ཡོང་རྫོགས་ནས་ངོ་རྒོལ་ཤུགས་ཆེན་བྱས་རྐྱེན། བཙན་གཡེམ་གྱི་ཐོག་ལ་གོ་རྟོགས་དང་གནོད་འཚེ་ཕོག་ཡུལ་གྱི་བུད་མེད་ཚོས་ཉེན་རྟོག་པར་ཐོ་འགོད་བྱེད་པར་བློ་ཁོག་ཆེ་རུ་ཕྱིན་ཡོད་འདུག ཕྱི་ལོ་༢༠༡༣ ལོར་གནས་ཚུལ་གྲངས་༡༦༣༦ དང་ཕྱི་ལོ་༢༠༡༤ ལོར་༢༡༦༦། ཕྱི་ལོ་༢༠༡༥ ལོར་༢༡༩༩ དང་ཕྱི་ལོ་༢༠༡༦ ལོའི་ཟླ་༡༡ པའི་ཚེས་༣༠ བར་བཙན་གཡེམ་གྱི་གནད་དོན་ཐོ་འགོད་གྲངས་༡༩༨༡ བྱུང་ཡོད་འདུག
ཕྱི་ལོ་༢༠༡༢ རྗེས་སུ་སེམས་འཚབ་དགོས་པ་ཞིག་ལ་བཙན་གཡེམ་གྱི་གནས་ཚུལ་ལ་ནག་ཉེས་ར་སྤྲོད་ཀྱི་གྲངས་ཀ་ཤིན་ཏུ་ཉུང་ཉུང་ཡིན་འདུག ཉེན་རྟོག་པས་བརྗོད་དོན་ལ་ཕྱི་ལོ་༢༠༡༥ ལོར་བཙན་གཡེམ་གྱི་གནས་ཚུལ་ལས་བརྒྱ་ཆ་༢༥ ལ་ནག་ཉེས་ར་སྤྲོད་བྱུང་ཡོད་འདུག་པ་དང་། དེ་ཡང་ཕྱི་ལོ་༢༠༡༢ རྗེས་སུ་ཁྲིམས་བཅོས་བསྒྱུར་བྱས་པར་བརྟེན། བཙན་གཡེམ་གནས་ཚུལ་ཐོ་འགོད་བྱེད་མཁན་མང་དུ་ཕྱིན་ཡོད་ཀྱང་། གནས་ཚུལ་གཅིག་ལ་ནག་ཉེས་ར་སྤྲོད་བྱུང་བར་ཆ་སྙོམས་ལ་ལོ་༥ རེ་འགོར་གྱི་ཡོད་སྐོར་བརྗོད་ཡོད་འདུག
དེ་བཞིན་རྒྱལ་སའི་ནང་ཉེན་རྟོག་པའི་ཁ་གྲངས་དང་མི་མང་གི་ཁ་གྲངས་བསྡུར་ན། མི་མང་༨༠༠ རེ་ལ་ཉེན་རྟོག་པ་གཅིག་རེ་ལས་མེད་པ་རེད་འདུག
ཕྱི་ལོ་༢༠༡༦ ལོར་བཙན་གཡེམ་གྱི་གནོད་འཚེའི་ཉེན་ཁ་ཆེ་ཤོས་བྱིས་པ་ཡིན་འདུག ཟླ་༣ པའི་ནང་ལོ་༣ ནས་༨ བར་གྱི་བྱིས་པ་གསུམ་ལ་བཙན་གཡེམ་བྱས་ཡོད་པ་དང་། དེ་བཞིན་ཟླ་༩ པའི་ནང་ལོ་༡ ཅན་གྱི་བྱིས་པ་ཞིག་ཁྱིམ་མཚེས་ཀྱིས་བཙན་ཁྲིད་བྱས་ཏེ་བཙན་གཡེམ་བྱས་པ་དང་། དེ་བཞིན་ཟླ་རེར་དྷི་ལིའི་ནང་བུ་མོ་ལོ་ཆུང་༥ རེར་བཙན་གཡེམ་གྱི་གནས་ཚུལ་བྱུང་ཡོད་འདུག
ཉེན་རྟོག་པས་བུད་མེད་རྣམས་ལ་བཙན་གཡེམ་དང་འབྲེལ་བའི་གོ་རྟོགས་གང་མང་སྤེལ་གྱི་ཡོད་པ་དང་། ད་ལྟའི་བར་བུད་མེད་ལ་བཙན་གཡེམ་བྱེད་མཁན་མང་ཆེ་བ་ནི་བུད་མེད་དེའི་ངོ་ཤེས་པ་ཡིན་པས། བུད་མེད་དེ་དག་གིས་ནག་ཉེས་ཐོ་འགོད་བྱེད་པར་ཁག་པོ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག
དྷི་ལི་ནི་རྒྱ་གར་གྱི་གྲོང་ཁྱེར་ཁག་ནང་བུད་མེད་ལ་ཉེན་ཁ་ཆེ་ཤོས་ཀྱི་གྲོང་ཁྱེར་དང་བཙན་གཡེམ་གྱི་གནས་ཚུལ་མང་ཤོས་འབྱུང་ཡུལ་ཡིན་པས། ཕ་མ་དང་སྤུན་མཆེད་མང་པོས་བུད་མེད་རྣམས་མཚན་འཕྱི་པོར་ཕྱི་ལ་མི་འགྲོ་བའི་སྐུལ་མ་བྱེད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།