ཉིན་ ༡༢༣ རིང་གི་“ཧི་མ་ལ་ཡའི་གོམ་བགྲོད་”ཅེས་པའི་བོད་དོན་ལས་འགུལ།
བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱིས་“ཧི་མ་ལ་ཡའི་གོམ་བགྲོད་”ཅེས་པའི་ཉིན་༡༢༣ གྱི་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་གྱི་མཇུག་གྲུབ་རྗེས། ཟླ་འདིའི་ཚེ་༢༡ ཉིན་གྱི་ཞོགས་པར་ཕྱིར་དྷ་སའི་སྡོད་གནས་སུ་འབྱོར་འདུག
བོད་རང་བཙན་ལས་འགུལ་བ་ཁོང་འདས་པའི་ཟླ་བ་བཞི་ཙམ་གྱི་རིང་ལ་ལ་དྭགས་དང་། འབྲས་ལྗོངས། མོན་ལ་སོགས་པའི་འཕགས་བོད་ཀྱི་ས་མཚམས་སུ་ཆགས་པའི་ཧི་མ་ལ་ཡའི་ས་ཁུལ་དང་། ཡུལ་གྲུ་ཁག་ཏུ་བསྐྱོད་དེ་རྒྱ་གར་ས་གནས་ཡུལ་མི་གཙོ་བོར་གྱུར་བའི་མི་མང་ལ་བོད་ཀྱི་གནད་དོན་དང་། རྒྱ་ནག་གི་ཉེན་ཁ་དང་འབྲེལ་བའི་གོ་རྟོགས་སྤེལ་འདུག
རྩོམ་པ་པོ་ཁོང་གིས་“ཧི་མ་ལ་ཡའི་གོམ་བགྲོད”ཅེས་པའི་ཉི་མ་༡༢༣ གྱི་ལས་འགུལ་དེ་ཟླ་འདིའི་ཚེས་༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དངོས་སུ་མཇུག་བསྐྱངས་འདུག་ཅིང་། མཇུག་བསྡུའི་གསར་འགོད་གསལ་བསྒྲགས་ཐོག ཁོང་གིས་ད་ཐེངས་ཧི་མ་ལ་ཡའི་ཡུལ་གྲུ་ཁག་ཏུ་སྐྱོད་པའི་ལས་འགུལ་དེ་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན་དང་། འགྲུལ་བཞུད་སྐབས་སུ་ལས་ཀ་ཅི་ཞིག་བྱས་པ། མི་མང་གིས་ཁོང་གི་ལས་འགུལ་ལ་ཡ་ལན་ཅི་འདྲ་སྤྲད་པ། འགྲུལ་བཞུད་ཀྱི་མཐོང་ཚུལ་ཅི་འདྲ་བྱུང་བ་ལ་སོགས་པའི་གནད་དོན་རྣམས་འགྲེལ་བརྗོད་གནང་འདུག
གསར་འགོད་གསལ་བསྒྲགས་དེའི་ནང་། ཁོང་གིས་ཉི་མ་༡༢༣ དེའི་རིང་ལ་ཁོང་ཧི་མ་ལ་ཡའི་ཁུལ་དུ་ཆགས་པའི་རྒྱ་གར་གྱི་མངའ་སྡེ་༥ ཡི་ས་ཁུལ་དང་གྲོང་གསེབ་མང་པོ་ཞིག་ཏུ་་ཕྱིན་པ་དང་། དེའི་“དམིགས་ཡུལ་ནི་བོད་ཀྱི་གནད་དོན་དང་། ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་པའི་རྒྱ་ནག་གི་ཉེན་ཁ་དང་འབྲེལ་བའི་གོ་རྟོགས་སྤེལ་ཆེད་ཡིན་”ཞེས་བརྗོད་པ་མ་ཟད། འགྲུལ་བཞུད་ཀྱི་སྐབས་སུ་ས་མཚམས་ཀྱི་མི་མང་ལ་<<༧ཏཱ་ལའི་བླ་མ་བྲོས་བྱོལ་དུ་ཕེབས་པ།>>ཞེས་པའི་གློག་བརྙན་བསྟན་པ་དང་། གཞོན་སྐྱེས་ཚོར་སྒྱུ་རྩལ་རྩོམ་རིག་གི་ཟབ་སྦྱོང་འཁྲིད་པ། གོ་སྐབས་ནམ་བྱུང་ལ་སྙན་ངག་ཀློག་འདོན་གྱི་ལས་འགུལ་སྤེལ་བ་སོགས་གནང་ཡོད་པ་རེད།
ཟླ་བ་༤ ཙམ་གྱི་ལས་འགུལ་དེའི་དམིགས་ཡུལ་དང་འབྲེལ་བའི་ཐད་ལ། རྩོམ་པ་པོ་ཁོང་གིས་༢༠༢༠ ལོའི་དགའ་དབང་ལུང་གཤོངས་(Galwan Valley) སུ་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཤོར་བའི་དྲག་པོའི་གདོང་ཐུག་ཆེན་པོ་དེས་མི་མང་ཧ་ལས་སུ་བཅུག་པའི་རྗེས་སུ། རྒྱ་གར་གྱི་གཞུང་དང་དམག་གིས་ནུས་ཤུགས་ཡོད་ཚད་འདོན་གྱི་ཡོད་ན་ཡང་། མི་མང་དཀྱུས་མ་ཚོ་ལ་རྒྱ་ནག་གི་དབང་ཤུགས་རྒྱ་སྐྱེད་ཀྱི་སྲིད་བྱུས་དང་། ད་ལྟའི་ས་མཚམས་ཀྱི་རྩོད་རྙོག་ཤེས་རྟོགས་མེད་པས། ཁོང་གིས་བོད་རྒྱའི་གནད་དོན་ལ་གོ་རྟོགས་སྤེལ་བའི་ལས་འགུལ་བརྩམས་པ་དང་། དེའི་གྲུབ་འབྲས་སུ་ཁོང་གིས་མི་མང་ལ་ཧི་མ་ལ་ཡའི་ས་མཚམས་དང་འབྲེལ་བའི་དྲི་བ་འདྲི་དུས། རྒྱ་གར་བ་ཚང་མས་“ང་ཚོའི་ས་མཚམས་དེ་བོད་དང་འབྲེལ་ཡོད། འདི་བོད་ཀྱི་ས་མཚམས་ཡིན་པ་ལས་’རྒྱ་ནག་གི་ས་མཚམས་’མ་རེད་”བཤད་ཀྱི་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།