ཉིས་སྟོང་བཅུ་དགུ་ལོར་རྒྱ་ནག་ལ་འཕྲད་ངེས་ཀྱི་ཆག་སྒོ།

ཕུར་རྡོར་གྱིས་བྲིས།

ཉིན་འདི་དག་གི་རིང་ལ་བརྒྱུད་ལམ་ཁག་ཏུ་རྒྱ་ནག་དང་འབྲེལ་བའི་དཔྱད་བརྗོད་ཆེ་གྲས་སུ་གྱུར་ཡོད་པ་གཅིག་ནི། “དགུ་ལ་ཐུག་ན་ཆག་སྒོ་ལངས་”ཞེས་པ་དེ་རེད། རྒྱ་ནག་གི་སྲོལ་རྒྱུན་དང་ལྷག་ཏུ་འདས་པའི་བྱུང་བ་ཁག་ལྟར་བྱས་ན། “དགུ”ནི་ཐན་དང་ལྟས་ངན་པ། མི་དགེ་བ། བཀྲ་མ་ཤིས་པ་སོགས་ཀྱིས་གྲུབ་པའི་ཨང་གྲངས་ཤིག་རེད། དེ་བཞིན་བོད་པའི་ངན་པ་དགུ་འཛོམས་ཞེས་པ་དེའང་རྒྱ་ནག་ནས་དར་འོང་བ་རེད། རྣམ་རྟོག་གིས་ཕྱུག་ཡོད་མཁན་ཞིག་ཡིན་མིན་ལ་མ་ལྟོས་པར། གཤམ་དུ་སྲིད་དོན་དཔྱད་བརྗོད་པ་རྣམས་ཀྱིས་རྒྱ་ཡིག་ཏུ་བྲིས་པའི་གནད་དོན་གང་དེའི་བརྗོད་དོན་སྙིང་པོ་ཁོལ་དུ་ཕྱུང་སྟེ་བོད་ཡིག་ཏུ་བཀོད་ན།

དེའང་འདས་པའི་མི་ལོ་བཅུ་གྲངས་ནང་གི་རྒྱ་ནག་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། གྲངས་ཀ་“དགུ་”དང་འཁེལ་ཐེངས་རེར་ཕལ་ཆེ་དོན་རྐྱེན་ངན་པ་རེ་བྱུང་ཡོད་པ་རེད། དེའང་ཕྱི་ལོ་༡༩༤༩ ལོར་གུང་ཁྲན་གྱི་སྲིད་གཞུང་གསར་པ་བཙུགས་ཐུབ་ཡོད་ཀྱང་། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་བར་དུ་ཁྲག་དྲིས་ཁེངས་པའི་གཡུལ་འགྱེད་དྲག་པོ་ལངས་པར་བརྟེན། དུས་ད་ལྟ་ཡིན་ནའང་རྨ་ཁ་དེ་སོས་མ་ཐུབ་པར་འཁོན་སེམས་དང་ཞེ་སྡང་གི་ཀློང་ནས་ལུས་ཡོད་ལ། ད་ལོ་ནི་ཏག་ཏག་དམར་ཕྱོགས་གཞུང་བཙུགས་ནས་མི་ལོ་ ༧༠ འཁོར་བའི་དུས་ཚིགས་དང་ཁེལ་ཡོད།

ཕྱི་ལོ་༡༩༥༩ ལོར་གུང་ཁྲན་ཏང་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཁྲག་གི་འཁོར་ལོ་བསྐོར་ཏེ། བོད་མི་འབུམ་གཅིག་མ་ཟིན་ཙམ་ཞིག་དམར་གསོད་བཏང་སྟེ། ༧གོང་ས་མཆོག་གཙོར་བྱས་པའི་བོད་གཞུང་གི་ལས་སྣེ་རྣམ་པ་དང་ཁྱོན་བོད་མི་བརྒྱད་ཁྲི་ལྷག་བཙན་བྱོལ་དུ་བྲོས་བྱོལ་དུ་ཡོང་དགོས་བྱུང་ཡོད། ཡ་ངའི་སྐྱོ་གར་ཁྲོད་ནས་རང་ཡུལ་བསྐྱུར་ཏེ་གཞན་ཡུལ་དུ་བཙན་བྱོལ་གཞུང་བཙུགས་ནས་མི་ལོ་༦༠ འཁོར་བའི་དུས་དྲན་དང་ཡང་འཁེལ་ཡོད།  ད་དུང་༡༩༥༩ ལོར་རྒྱ་ནག་ཏུ་མཆོང་སྐྱོད་ཆེན་མོ་ཞེས་པའི་གདུག་རྩུབ་ཅན་གྱི་ལས་འགུལ་ཞིག་བརྩམས་ཏེ་མི་གྲངས་ཁྲི་ཕྲག་མང་པོ་ལྟོགས་ཤིའང་ཐེབས་ཡོད།

ཕྱི་ལོ་༡༩༦༩ ལོར་རྒྱ་ནག་དང་ཨུ་རུ་སི་བར་དུ་ཀྲེང་པོའོ་གླིང་ཕྲན་གྱི་དོན་རྐྱེན་(珍宝岛事件)ཞེས། གླིང་ཕྲན་གྱི་བདག་དབང་ཐད་ཕན་ཚུན་དབར་ལ་རྩོད་རྙོག་ཤོར་ནས་ཛ་དྲག་ཅན་གྱི་དམག་འཁྲུག་ཐེངས་གཉིས་ཙམ་བྱུང་སྟེ། མཐར་མི་འབོར་འབུམ་ཚོ་མང་པོའི་ཚེ་སྲོག་ཤོར་ཏེ་སྐྱི་གཡའ་བའི་སྐྱོ་གར་ཆེན་པོ་ཞིག་བྱུང་།

ཕྱི་ལོ་༡༩༧༩ ལོར་ཀྲུང་ཝེ་དམག་འཁྲུག་ཅེས་རྒྱ་ནག་དང་ཝེ་ཏི་ནམ་གཉིས་དབར་ལ་དམག་འཁྲུག་ལངས་ཤིང་། ཟླ་བ་གཅིག་ཙམ་རིང་ལ་ཕན་ཚུན་གསོད་རེས་བགྱིས་ཏེ་མཐར་རྒྱ་དམག་ཁྲི་བདུན་ཙམ་ཞིག་རྐྱེན་འདས་དང་། འབུམ་གཅིག་དང་ཕྱེད་ཀ་ཙམ་ཞིག་རྨས་སྐྱོན་ཤོར། ད་དུང་ལོ་དེར་“རྒྱལ་ཡོང་འཐུས་མི་ཚོགས་ཆེན་”གྱི་མིང་ཐོག་ནས་《ཐའེ་ཝན་སྤུན་ཟླ་ལ་སྤྲིངས་པའི་འཕྲིན།》ཞེས་སུན་གཙེར་བཟོ་བྱེད་ཀྱི་ཡིག་ཆ་ཞིག་ཡོངས་གྲགས་སུ་བཀྲམས་ཏེ། དེས་ཐའེ་ཝན་མི་དམངས་ལ་བཙན་དབང་གི་ཤུགས་རྐྱེན་རྫོབ་པོ་ཞིག་བཞག

ཕྱི་ལོ་༡༩༨༩ ལོར་དྲུག་བཞི་དམར་གསོད་ཆེན་མོ་ཞེས་པ་དེ་བྱུང་། དེའང་རྒྱ་ནག་གི་ཤེས་ཡོད་པའི་དཔུང་སྡེ་ཡིས་རང་དབང་དང་དམངས་གཙོའི་དར་ཆ་དགུང་ལ་བསྒྲེངས་ཏེ་དམར་པོ་གཞུང་གི་གཅིག་བསྡུས་དང་སྒེར་གཅོད་ལ་ཁ་གཏད་བཅག་སྟེ་སྒེར་ལངས་བྱས། ཡིན་ནའང་རྒྱ་ནག་དམར་པོ་གཞུང་གིས་དྲག་པོའི་གོ་མཚོན་སྤྱད་དེ། ཁྲོམ་གཞུང་དུ་སྒེར་ལངས་བྱེད་མཁན་གྱི་སློབ་ཕྲུག་ཧ་ཅང་མང་པོ་དམར་གསོད་བྱས། ཨ་རིའི་ཕོ་བྲང་དཀར་པོས་བཏོན་པའི་༢༠༡༤ ལོའི་སྙན་ཐོ་ལྟར་ན། དོན་རྐྱེན་དེའི་ཁྲོད་མི་ཁྲི་བཞི་ལྷག་རྨས་སྐྱོན་དང་ཁྲི་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད། དེས་མང་ཚོགས་ཀྱི་སེམས་ལ་ཞེ་འཁོན་གྱིས་བརྒྱངས་ནས་འགད་ལ་ཉེ་ཞིག་བྱས་ནས་བཞག་ཡོད་ལ། ད་ལོ་ནི་ཏག་ཏག་མི་ལོ་༣༠ ཧྲིལ་པོ་འཁོར་བའི་དུས་ཚིགས་ལ་ཁེལ་ཡོད། ད་དུང་ལོ་དེར་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མི་མང་པོས་དགྲ་བོ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་བའི་གྱེན་ལངས་བྱས་ཏེ། མཐར་རྒྱ་གཞུང་གིས་བོད་མིར་དྲག་གནོན་དང་དམར་གསོད་ཚད་མེད་བཏང་སྟེ་བོད་མི་ཡོངས་ཀྱི་སེམས་ལ་བཟོད་གླགས་མི་འཁེལ་བའི་ན་ཟུག་ཅིག་བསྐྲུནད་ཡོད།

ཕྱི་ལོ་༡༩༩༩ ལོ་ནས་བཟུང་། རྒྱ་ནག་དམར་པོ་གཞུང་གིས་རྩ་རླུང་སྒོམ་སྒྲུབ་པ་རྣམས་ཀྱི་དད་མོས་ལ་རྡོག་རྫིས་ཀྱིས་དྲག་གནོན་གཏོང་མགོ་ཚུགས་ཡོད་ལ། དྲག་གནོན་བཏང་སྟངས་དེའང་ཧ་ཅང་གིས་ཐལ་ཆ་ཆེ་བའི་དྲག་གནོན་ཏེ། ཐ་ན་ཡན་ལག་ཚུན་ཆད་ཀྱང་གཅོད་འབྲེག་གིས་མཚོན་པའི་གདུག་རྩུབ་གནར་གཅོད་ཀྱི་རྒྱུན་མ་ཆད་པར་ད་ལྟའི་བར་དུ་ཕྱིན་ཡོད། ཡིན་ནའང་སྒོམ་སྒྲུབ་པ་རྣམས་ཀྱིས་རིམ་པར་རྒྱལ་སྤྱིའི་སྒང་ལ་བདེན་པའི་འབོད་སྒྲ་བསྒྲགས་ཏེ། རྒྱ་ནག་གི་གསང་མི་ཐུབ་པའི་གསང་བ་དེ་དག་རིམ་གྱིས་རྟོལ་བཞིན་ཡོད་ལ། དེའང་མི་ལོ་ཧྲིལ་པོ་༢༠ འཁོར་བའི་དུས་ཚིགས་ལ་ཁེལ་ཡོད།

ཕྱི་ལོ་༢༠༠༩ ལོར་བདུན་ལྔའི་དོན་རྐྱེན་ཞེས་པ་དེ་བྱུང་། དེའང་ཕྱི་ལོ་༢༠༠༩ ཟླ་༧ པའི་མགོ་རུ། རྒྱ་ནག་གི་ཀོང་ཏོང་ཞིང་ཆེན་དུ་ཡོད་པའི་བཟོ་གྲྭ་ཞིག་ཏུ་རྒྱ་མི་སྟོང་ཚོ་མང་པོས་ཡུ་གུར་བ་བརྒྱ་ཚོ་ཁ་ཤས་ཤིག་རུབ་རྡུང་བྱས་པ་མ་ཟད། བརྒྱུད་ལམ་ཁག་ཏུའང་ཡུ་གུར་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱ་རྒྱུའི་ཚབ་ཏུ་དེ་ལས་ལྡོག་སྟེ་ཁ་རྡུང་མང་པོ་བཏང་པར་བརྟེན། སྤྱི་ཟླ་༧ པའི་ཚེས་༥ ཉིན་ཡུ་གུར་བ་རྣམས་ཀྱིས་རྒྱ་གཞུང་ལ་རྔམ་སྟོན་ཁྲོམ་སྐོར་གྱིས་ཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ། མཐར་རྒྱ་གཞུང་གིས་དྲག་དཔུང་སྤྱད་དེ་ཡུ་གུར་བ་ཧ་ཅང་མང་པོ་ཞིག་དམར་གསོད་དང་བཙོན་འཇུག་སོགས་བྱས། དེས་ཡུ་གུར་བ་རྣམས་ཀྱི་སེམས་ལ་གསུབ་ཏུ་མེད་པའི་རྨ་ཁ་བཟོས་ཏེ། ད་ལྟའི་ཆར་ཡུ་གུར་བ་ཁྲི་ཚོ་མང་པོ་བཙན་གྱིས་“སློབ་གསོ་སྤེལ་ར་”ཞེས་པའི་བཙོན་ཁང་དུ་བཙུད་དགོས་ཐུག་ཡོད།

སྲིད་དོན་དཔྱད་བརྗོད་པ་གྲགས་ཅན་ལེན་པོའོ་ཧྭ་(林保华) ཡིས་དཔྱད་བརྗོད་བྱས་པ་ལྟར་ན། ད་ལོ་སྟེ་༢༠༡༩ ལོའི་རྒྱ་ནག་ནི་མེ་རི་ཞིག་གི་ཁར་བསྡད་ཡོད་པ་ནང་བཞིན་ཡིན། དེའང་གནད་དོན་གཅིག་ནི་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་རྒུད་ཕྱིན་པའི་ཁར་ཨ་རི་དང་རྒྱ་ནག་བར་ལ་དཔལ་འབྱོར་གྱི་དམག་འཁྲུག་ལངས་ཏེ། རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་ཐད་ལ་བསམ་ཡུལ་ལས་འདས་པའི་ཉམས་ཉེས་ཆེན་པོ་ཞིག་ལངས་སྲིད་པའི་ཟིང་འཁྲུག་གཅིག་དང་། གཉིས་པ་དེ་ཐལ་ཆ་ཆེ་བའི་གཡོན་དུ་ཕྱོགས་པའི་ལམ་བུ་དེས་དམར་ཕྱོགས་ཚོགས་པའི་མཐོ་རིམ་དཔོན་རིགས་ཁྲོད་འཐབ་འཁྲུག་དང་སྲིད་འགྱུར་ལངས་སྲིད་པ་དང་། གསུམ་པ་དེ་རྒྱ་ནག་གི་རྒྱ་སྐྱེད་ཀྱི་སྲིད་བྱུས་དེས་རྒྱལ་སྤྱིའི་སྡིངས་ཆ་རུ་ཁེར་རྐྱང་དུ་ལུས་ཏེ། ཨ་རྒྱ་གཉིས་བར་དུ་དམག་དམག་འཁྲུག་ལངས་སྲིད་པ་རེད། དེ་དག་གི་ཁྲོད་དུ་གང་ཞིག་བྱུང་ཡང་དེས་རྒྱ་ནག་ལ་ས་ཡོམ་ཆེན་པོ་ཞིག་རྒྱག་རྒྱུ་ཡིན་པ་གདོན་མི་ཟ་བ་རེད་ཅེས་ནས་ཀྱང་བསྡོབས་བརྒྱབ། གང་ལྟར་ད་ལོ་ནི་༢༠༡༩ ལ་འཁེལ་ཡོད་སྟབས་དཔྱད་བརྗོད་པ་གང་མང་ཞིག་གིས་རྒྱ་ནག་ལ་སླར་ཡང་ས་ཡོམ་ཆེན་པོ་ཞིག་ཐེབས་པའི་ཚོད་དཔག་བྱེད་བཞིན་ཡོད།།