ཉེ་ཆར་འགྲེམས་སྤེལ་གནང་བའི་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་དེབ་ཁག་ཅིག་ངོ་སྤྲོད།
༡) རྗེ་ཙོང་ཁ་པ་ཆེན་པོའི་གསུང་ཐོར་བུ་འགའི་རྩ་འགྲེལ་སྦྱར་མ་ཞེས་པའི་དཔེ་དེབ་འདི་ནི། ཡོན་ཏན་གཞིར་གྱུར་མ། ལམ་གཙོ་རྣམ་གསུམ་དང་། ལམ་རིམ་བསྡུས་དོན། འདུལ་བ་རྒྱ་མཚོའི་སྙིང་པོ། རྟེན་འབྲེལ་བསྟོད་པ་སོགས་རྗེ་བདག་ཉིད་ཆེན་པོའི་གསུང་ཐོར་བུ་འགའ་ཤས་ལ། རྒྱལ་བ་དགེ་འདུན་གྲུབ་པ་དང་ཞང་སྟོན་བསྟན་པ་རྒྱ་མཚོ་སོགས་སྔོན་བྱོན་མཁས་པ་རྣམས་ཀྱིས་འགྲེལ་པ་མཛད་པའི་རྩ་འགྲེལ་སྦྱར་མ་ཞིག་རེད་འདུག་པ་དང་། དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་སྔོན་གྱི་ཤིང་པར་རྙིང་གྲས་ཁག་ལ་གཏུགས་ཏེ་ནང་ཆོས་དེབ་ཕྲེང་༤༨ པར་དཔར་དུ་བསྐྲུན་འདུག
༢) ལ་རྒྱ་ནི་བོད་ཀྱི་དཔེ་མཛོད་ཁང་ནས་༢༠༢༢ ལོར་གསར་དུ་བཏོན་པའི་དུས་དེབ་གཅིག་ཡིན་པ་དང་། ད་ལྟའི་འདི་དཔར་ཐེངས་གཉིས་པ་རེད་འདུག འདི་ནི་མི་རིགས་ཀྱི་ཤ་ཞེན་དང་ལ་རྒྱའི་བདག་དབང་མ་ཤོར་གོང་སྤེལ་གཏོང་སླད་འགོ་བཙུགས་པ་ཞིག་དང་། དམིགས་ཡུལ་ནི་དུས་དེབ་ཀྱི་མིང་ལས་གོ་ཐུབ་པ་ལྟར་བོད་ཀྱི་ལ་རྒྱའམ་རིགས་ཞེན་མཚོན་བྱེད་ཀྱི་སྣ་མང་རིག་གཞུང་གི་གལ་གནད་ངོ་སྤྲོད་དང་། བོད་མིའི་ལ་རྒྱ་དེང་གི་འཁྲུག་ཆ་དོད་པའི་སྤྱི་ཚོགས་ནང་སྲུང་སྐྱོབ་ཆེད་དགོས་མཁོ་ཆེ་བའི་ཕྱིའི་ཤེས་བྱ་ནང་འདྲེན་ལ་དམིགས་པ་ཞིག་ཡིན་པར་བརྗོད་འདུག་པ་དང་། དུས་དེབ་འདིའི་ནང་དཔྱད་རྩོམ་དང་བརྩམས་སྒྲུང་། རྒྱུན་ཤེས། འཕྲོད་བསྟེན་དང་འཚོ་བ། ཚན་རིག་གི་ཤེས་བྱ། སྙན་ངག གབ་ཚིག་དང་ཚིག་རྒྱག་སོགས་སྣ་ཚོགས་ཀྱིས་གྲུབ་པ་ཞིག་རེད་འདུག
༣) རྗེས་རྣམ་ཐར་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་རྩ་འགྲེལ་ཞེས་པའི་དཔེ་དེབ་འདི་ནི། སྨན་ཤུལ་བློ་བཟང་ཡེ་ཤེས་བསྟན་འཛིན་གྱིས་རབ་བྱུང་བཅུ་བཞི་པའི་ནང་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་དང་རྣམ་ཐར་ཆེན་མོ་སོགས་ཀྱི་སྡོམ་ལྟ་བུ་ཡིན་འདུག་ལ། དེའི་འགྲེལ་པ་སེར་བྱེས་དགེ་བཤེས་སོག་རུ་ཐུབ་བསྟན་ཆོས་གྲགས་ནས་བརྩམས་པ་ཞིག་རེད་འདུག དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་རྣམ་ཐར་དེབ་ཕྲེང་༣༩ པར་དཔར་དུ་བསྐྲུན་འདུག
༤) ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས་ཞེས་པའི་དཔེ་དེབ་འདི་ནི། དགེ་སློང་སཱ་ཝཾ་གཱི་མེ་དྷཾ་ཀ་རས་མཛད་ཅིང་། ཨཱཙཱརྱ་ཐུབ་བསྟན་བྱམས་པས་ཕྱི་ལོ་༡༩༧༨ ལོར་རྒྱ་གར་གྱི་སྐད་ནས་བོད་བསྒྱུར་གནང་བ་ཞིག་རེད་འདུག ལོ་རྒྱུས་འདིར་གྲོང་འཁྱེར་པཱཊ་ལི་པུ་ཏྲའི་ལོ་རྒྱུས་དང་མཽརྱའི་རྒྱལ་རྒྱུད་དབུ་བརྙེས་ཚུལ་ནས་ཆོས་རྒྱལ་མྱ་ངན་མེད་ཀྱི་མེས་པོ་དང་མྱ་ངན་མེད་ཁོང་སྐུ་འཁྲུངས་པའི་སྐོར་དང་། དེ་བཞིན་སྡེ་དཔོན་ནས་རིམ་གྱིས་རྒྱལ་སྲིད་བསྐྱངས་ཚུལ། ནང་པ་སངས་རྒྱས་པའི་བསླབ་ཁྲིམས་ཁས་བླངས་པ། རྒྱལ་སྲིད་རྒྱ་བསྐྱེད། ཚོང་དང་སྒྱུ་རྩལ། ཤེས་རིག་སོགས་ཡར་རྒྱས་བཏང་ཚུལ། དེ་བཞིན་ཆོས་རྒྱལ་མྱ་ངན་མེད་ཀྱིས་ནང་ཆོས་ཁྱབ་སྤེལ་གྱི་དོན་བྱས་པའི་སྐོར་སོགས། མདོར་ན་ཁོང་གི་སྐུ་ཚེ་གཅིག་གི་ལོ་རྒྱུས་ཀྱི་འཕེལ་འགྲིབ་མཚོན་པའི་དེབ་གཅིག་རེད་འདུག
༥) གཏམ་ཚོགས་ཞེས་པའི་དུས་དེབ་འདི་ནི། བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ཆོས་རིག་དང་། ལོ་རྒྱུས། སྤྱི་ཚོགས་ཀྱི་འཛུགས་སྐྲུན། གོམས་གཤིས་སོགས་བོད་དང་བོད་རིགས་སུ་གཏོགས་པའི་མང་ཚོགས་ནང་གོ་རྟོགས་ཁྱབ་སྤེལ་ཡོང་ཆེད་དུ་འདོན་སྤེལ་གནང་ཞིང་། བོད་མི་དང་བོད་དང་འབྲེལ་ཡོད་ཆོས་རིག་དང་ལོ་རྒྱུས་ཁ་སྐོང་ཉམས་ཞིབ་སོགས་དཔྱད་གཏམ་ལས་གྲུབ་པ་ཞིག་རེད་འདུག ད་ཐེངས་འདི་ནི་གཏམ་ཚོགས་སྤྱིའི་འདོན་ཐེངས་༦༦ པ་དང་ཕྱི་ལོ་༢༠༢༤ ལོའི་དེབ་གཉིས་པ་དཔར་དུ་བསྐྲུན་པ་ཞིག་རེད་འདུག
༦) ཏི་རྗེ་ལྔ་དང་ཞཱ་ཡཱིང་ཀྲོའུ་གསུམ་གྱི་བྱུང་བ་བརྗོད་པའི་གནའ་ཡིག་བོད་འགྱུར་མ་ཞེས་པའི་དཔེ་དེབ་འདི་ནི། ཧན་ནུབ་མའི་མཁས་པ་ཟི་མ་ཆའན་ཞེས་པས་བརྩམས་ཤིང་ཨ་རིར་གནས་བཞུགས་ཀེ་ཐོས་བསྒྱུར་ཅིང་མཆན་བཏབ་པ་ཞིག་རེད་འདུག་ལ། ནང་དོན་གྱི་ཆ་ནས་ཙི་ནའི་བྱུང་རབས་ཀྱི་ཕྱི་མོར་གྲགས་པའི་ཧྲི་ཅི་དེབ་ཐེར་ཆེན་མོ་ཞེས་པའི་ཡལ་འདབ་ལྔ་དང་ལེའུ་བརྒྱ་དང་སུམ་ཅུ་ཅན་ཞིག་ཡོད་པ་ལས། ཡལ་འདབ་དང་པོའི་ལེའུ་བཞི་སྟེ་ཏི་རྗེ་ལྔའི་རྒྱལ་རབས། ཞཱ་རྒྱལ་རབས། ཡཱིང་རྒྱལ་རབས། ཀྲོའུ་རྒྱལ་རབས་བཅས་ཀྱི་ལོ་རྒྱུས་བོད་བསྒྱུར་བྱས་པ་ཞིག་ཡིན་པར་བརྗོད་འདུག དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་ཀྱི་དེབ་ཕྲེང་༨༩ པ་དཔར་དུ་བསྐྲུན་འདུག