ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཅེས་པའི་དཔེ་དེབ་དབུ་འབྱེད།

རྩོམ་པ་པོ་ཤེས་རབ་དར་རྒྱས་ཀྱིས་བརྩམས་པའི་<<ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་>>ཅེས་པའི་དེབ་སྟོད་སྨད་གཉིས་ཅན་ཞིག་གི་དབུ་འབྱེད་མཛད་སྒོ་ཞིག་དྷ་ས་མེག་ལོར་གྱི་ནོར་བུ་གསོལ་མགྲོན་ཁང་དུ་འཚོགས་སོང་།

དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་གྱི་སྔ་དྲོ་དཔེ་དེབ་འགྲེལ་སྤེལ་གྱི་མཛད་སྒོ་དེའི་ཐོག སྐུ་མགྲོན་གཙོ་བོ་གསུམ་སྟེ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གངས་རི་དང་། ཀིརྟི་རིན་པོ་ཆེའི་སྐུའི་དྲུང་ཡིག་ཆེན་མོ་འཇིགས་མེད། དྷ་ས་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་དགེ་བཤེས་བསམ་གཏན་བཅས་ནས་“ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ཡིག་འཇོག་བྱེད་གལ་ཆེ་བའི་གནད་དོན་དང་། དཔེ་དེབ་སྟོད་སྨད་འདི་གཉིས་གསར་རྩོམ་གྲུབ་པའི་སྐོར་ལས་བརྩམས་པའི་གསུང་བཤད་”སྙིང་བསྡུས་རེ་གནང་བའི་ནང་། རྩོམ་པ་པོ་ཤེས་རབ་དར་རྒྱས་ཀྱིས་ཤིན་ཏུ་གལ་འགངས་ཆེ་བའི་དཔེ་དེབ་དེ་བརྩམས་པ་དང་། དེ་ལ་མཐུན་སྦྱོར་རོགས་རམ་གནང་མཁན་རྣམས་ལ་ཡི་རང་བསྔགས་གནང་སོང་།

མཛད་སྒོ་དེའི་ཐོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གཉིས་ནས་ཀྱང་བརྙན་ཐུང་བརྒྱུད་དེ་དཔེ་དེབ་དབུ་འབྱེད་ཐོག་གསུང་བཤད་གནང་སོང་།

ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་“སྤྱིར་བཏང་རྒྱལ་ཁབ་གཅིག་ཡིན་ནའང་རེད། ཁྱིམ་ཚང་གཅིག་ཡིན་ནའང་རེད། གང་ལྟར་ལོ་རྒྱུས་ཟེར་མཁན་དེ་ཞེ་དྲག་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ལོ་རྒྱུས་དེ་ཡང་རབ་བཏགས་མ་ཡིན་པར་གང་བྱུང་བ་དེ་འབྲི་དགོས། ཡག་པོ་བྱུང་ན་ཡག་པོ་འབྲི་རྒྱུ་དང་། སྡུག་པོ་བྱུང་ན་སྡུག་པོ་འབྲི་རྒྱུ། སྐབས་རེ་ང་ཚོས་ལོ་རྒྱུས་འབྲི་བའི་སྐབས་ལ་ལེགས་པའི་ཆ་ཐམས་ཅད་བྲིས། ཉེས་པའི་ཆ་ཐམས་ཅད་གཡུག་བཞག་པ་དེ་འདྲ་ཡོང་གི་ཡོད། དེ་འདྲ་མ་ཡིན་པར་ལོ་རྒྱུས་ཟེར་ན་གང་བྱུང་བ་དེ་འབྲི་རྒྱུ་རེད། དེ་འདྲ་ཡིན་པས་ལོ་རྒྱུས་ལ་བྱུང་བ་བརྗོད་པ་ཞེས་ཟེར་གྱི་ཡོད། ད་ལྟ་འདིར་ལེགས་ཉེས་གང་བྱུང་བ་རྣམས་ཇི་མ་ཇི་བཞིན་བྲིས་ཡོད་པའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་མ་འོངས་པར་རྩོམ་པ་པོ་སུ་དང་སུ་ཡིན་ནའང་། ལོ་རྒྱུས་དེ་གང་ཡིན་པའམ་རང་བཞིན་བརྗོད་པ་རང་བྱས་ནས་འབྲི་དགོས་པ་དང་། རབ་བཏགས་དེ་འདྲ་མ་ཡིན་པར་བྱས་ནས་འབྲི་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། ད་རེས་ཤེས་རབ་དར་རྒྱས་ལགས་ཀྱིས་དེབ་ཕྲེང་གཉིས་ཡོད་པའི་དཔེ་དེབ་འདི་བརྩམས་གནང་བ་རེད། དེ་ཡང་དུས་ཚོད་མང་པོ་ཞེ་དྲག་བཏང་འདུག་བསམ་གྱི་འདུག དུས་ཚོད་གཅིག་པུ་བཏང་བ་ཙམ་མ་ཡིན་པར་ཏན་ཏན་སྐུ་ངལ་མང་པོ་ཞེ་དྲག་བསྐྱོན་ཡོད་རེད། དེར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།

དེ་བཞིན་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་“ལོ་རྒྱུས་འགོད་སྐབས་གནད་དོན་ཁག་ཅིག་ལ་ངེས་པར་དོ་སྣང་བྱེད་དགོས་པ་དང་། ཆ་རྐྱེན་ངེས་པར་དུ་ཚང་དགོས་པ་ཆགས་འདུག དཔེ་ཆ་བཞག་པ་ཡིན་ན།  དང་པོ་དེ་ལ། གནས་ཚུལ་བཟང་ངན་ག་འདྲ་ཞིག་བྱུང་བ་ཡིན་ན་ཡང་། གནས་ཚུལ་གང་བྱུང་བ་ཕྱོགས་ལྷོང་མེད་པར་དྲང་བདེན་ཡིན་པའི་ཐོག་ནས་འགོད་རྒྱུ་གལ་ཆེན་པོ་རེད་འདུག གཉིས་པ་དེ་ལ། ལོ་རྒྱུས་ཀྱི་ས་ཚིགས་དང་ལོ་ཚིགས་དེ་དག་ཚང་མ་ར་སྤྲོད་གནང་བའི་ཐོག་ནས་ཁ་གསལ་པོ་འགོད་རྒྱུ་གལ་ཆེན་པོ་རེད་འདུག གསུམ་པ། བྱུང་རབས་ནང་དཔང་རྟགས་ཁུངས་བཙན་དགོས་པ། བཞི་པ། བྱུང་རྐྱེན་གྱི་རྒྱབ་ལྗོངས་དང་རྒྱུ་རྐྱེན་ཁ་གསལ་པོ་བཀོད་དགོས་པ། དེ་ནས་ལྔ་པ་དེ་དཔེ་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན། ཉམས་ཞིབ་གནང་བའི་ཐོག་ནས། ལྷག་པར་དུ་ལོ་རྒྱུས་ཀྱི་དཔེ་དེབ་དེ་དག་འབྲི་བའི་སྐབས་ལ་ཉམས་ཞིབ་མཐིལ་ཕྱིན་པ་གནང་བའི་སྒོ་ནས་བྲི་དགོས་པ་དེ་གལ་ཆེན་པོ་རེད་འདུག་”ཅེས་གསུངས་སོང་།

གསར་དུ་དབུ་འབྱེད་གནང་བའི་<<ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་>>ཅེས་པར་ཁྱོན་སྡོམ་ལེའུ་ཚན་ ༨༢ དང་། ཤོག་གྲངས་ ༡༢༠༠ ལྷག་འདུག་ཅིང་། དེའི་ནང་༧པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ (ཕྱི་ལོ་ ༡༧༣༨-༡༧༨༠) མཆོག་གི་སྐུ་དུས་སུ་དབྱིན་ཇིས་བཀྲ་ཤིས་ལྷུན་པོའི་ཕྱོགས་སུ་ཐོག་མར་འབྲེལ་བ་བྱས་པ་ནས་བཟུང་། བལ་ཡུལ་གློ་སྒྲིག་འཛུགས་ཀྱི་དུས་སྐབས་བར་གྱི་དོན་རྐྱེན་གཙོ་བོ་ཁག་དང་། དུས་སྐབས་དེ་དག་གི་ཆིངས་ཡིག་དང་བཀའ་རྒྱ་རྣམས་འདུས་པར་བྱས་ཏེ་བརྩམས་པ་ཞིག་རེད་འདུག

རྩོམ་པོ་ཤེས་རབ་དར་རྒྱས་ནི་ཕྱི་ལོ་༡༩༦༧ ལོར་མདོ་སྨད་མཚོ་སྔོན་གཅན་ཚ་རྫོང་གི་ཁོངས་གཏོགས་ཧོར་ཞེས་པའི་སྡེ་བར་ཕ་བློ་རྒན་དང་། མ་འཕགས་མོ་ཐར་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ལོ་བདུན་ལ་སོན་པ་ནས་སློབ་གྲྭའི་སྒོ་ཐེམ་འགྲིམས་ཏེ་མཐར་གཅན་ཚ་མི་རིགས་སློབ་འབྲིང་དུ་ཞུགས། ཕྱི་ལོ་༡༩༨༥ ལོར་སྡི་ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས་བྱ་བའི་རི་ཁྲོད་པའི་དགོན་པ་ཆེན་པོ་དེར་བསྐྱོད། བསྡུས་ཚད་ཀྱི་གཞུང་ལ་སྦྱངས། བརྡ་དག་དང་རྩོམ་རིག་སོགས་ལ་ཞོར་སྦྱོང་གནང་། ཕྱི་ལོ་༡༩༨༨ ལོར་རྒྱ་གར་ལ་བྲོས་བྱོལ་གྱིས་བཞུགས་སྒར་རྡ་རམ་ས་ལ་དང་། ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་གྱི་འཕྲོ་བསྐྱངས། སློབ་ཞོར་དུ་དགེ་རྒན་དང་དུས་དེབ་ཀྱི་རྩོམ་སྒྲིག་པའི་ལས་དོན་ཡང་བསྒྲུབས། ཕྱི་ལོ་༢༠༠༠ ལོར་ཨ་རིར་ཕེབས་ཏེ་ནུབ་ཕྱོགས་ཀྱི་རིག་གཞུང་དང་བསམ་བློ། གོམས་སྲོལ་སོགས་ལ་དོ་སྣང་ཆེས་ཆེར་གནང་། “ནུབ་ཕྱོགས་འགྲིམས་པའི་གཏམ་” ཞེས་བྱ་བ་དེབ་གསུམ་དང་། “དུས་འཁོར་རྒྱུད་འགྲེལ་འཆད་ཐབས་རིགས་ལྡན་བླ་མ་མཉེས་པའི་མཆོད་ཡོན་” སོགས་ཕྱག་དཔེ་མང་པོ་བྲིས་ཤིང་། ལྷག་པར་དུ་ “ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་” ཞེས་བྱ་བའི་དཔེ་དེབ་བོད་བསྒྱུར་ཞུས། ད་བར་ཁོང་གིས་བྲིས་བསྒྲིགས་བསྒྱུར་གསུམ་བྱས་པ་བསྡོམས་ན་དེབ་གྲངས་༢༠ ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།