ཉེས་མེད་སྐྱབས་བཅོལ་བར་དྲག་རྒོལ་བྱས་པ།
སི་རི་ཡའི་སྐྱབས་བཅོལ་བའི་སྡོད་སྒར་ལ། གནམ་གྲུ་ནས་དྲག་རྒོལ་བྱས་ཏེ། ཤེས་རྟོགས་བྱུང་བར་ཉུང་མཐར་ལ་མི་གྲངས་༢༨ ཡི་ཚེ་སྲོག་ཤོར་ཡོད་འདུག་པས། མཉམ་འབྲེལ་རྒྱལ་ཚོགས་ནས་བྱ་སྤྱོད་དེ་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག
དེ་ཡང་ཟླ་འདིའི་ཚེས་༥ ཉིན་ཏུར་ཀིའི་རྒྱལ་ཁབ་ནས་བར་ཐག་ཀི་ལོ་མི་ཊར་༡༠ ཡི་སར་གནས་ཡོད་པའི་སི་རི་ཡའི་སྐྱབས་བཅོལ་བའི་སྡོད་སྒར་ལ་གནམ་གྲུ་ནས་བཙན་རྒོལ་བྱས་ཡོད་ཀྱང། བྱ་སྤྱོད་སྤེལ་མཁན་སུའི་ཕྱོགས་གཏོགས་ཡིན་པ་ད་དུང་ཤེས་རྟོགས་བྱུང་མེད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་རྩའི་ལས་དོན་གྱི་འགན་འཛིན་ཨོ་བྷེ་རེན་གྱིས་བྱ་སྤྱོད་དེ་ནི་དམག་འཁྲུག་གི་ནག་ཉེས་ཡིན་པ་དང། བྱ་སྤྱོད་སྤེལ་མཁན་སུ་ཡིན་ཡང་འགན་འཁུར་དགོས་སྐོར་བརྗོད་ཡོད་འདུག
སི་རི་ཡའི་དམག་ཁྲུག་རྐྱེན་པས་ལུང་པ་དེར་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་ཁར། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡང་ཁུངས་དེ་ནས་ཡོང་བའི་སྐྱབས་བཅོལ་བའི་གྲངས་འབོར་མང་དྲག་པས་དཀའ་ངལ་དང། དེ་བཞིན་ཁ་ཆེ་འཇིག་སྐུལ་རིང་ལུགས་པའི་འཇིགས་སྣང་དང་གཏོར་རྒོལ་གྱི་དཀའ་ངལ་འཕྲད་བཞིན་ཡོད་པས། ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བརྒྱུད་སྐུལ་འོག དམག་འཁྲུག་གི་ཕྱོགས་གཏོགས་ཁུངས་ཁ་ཆེ་འཇིགས་སྐུལ་རིང་ལུགས་ཕུད་པའི་གཞན་རྣམས་ཀྱིས། ལོ་འདིའི་ཟླ་༢ པའི་ནང་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་ཡོད་ཀྱང། གྲུབ་འབྲེས་མངོན་གསལ་དོད་པོ་ཐོན་མེད་པས། བསྐྱར་དུ་ཟླ་འདིའི་ཚེས་༤ ལ་ངོ་རྒོལ་གྱེན་ལངས་བའི་དམག་མིས་དམག་མཚམས་འཇོག་རྒྱུ་འགོ་བཙུགས་ཡོད་པ་དང། སི་རི་ཡའི་གཞུང་འཛིན་ཚོགས་པའི་དམག་མིས་ཚེས་༥ ཉིན་ཆུ་ཚོད་༤༨ རིང་དམག་མཚམས་འཇོག་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད་དེ། ཟླ་འདིའི་ཚེས་༥ ཉིན་གྱི་བཙན་རྒོལ་དེས་ཕྱོགས་གཏོགས་ཚང་མར་སེམས་འཚབ་དང་དོགས་ཟོན་བཟོས་ཡོད་པར་ངོས་འཛིན་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གལ་ཏེ་དམག་མཚམས་ཀྱི་གྲོས་དོན་ལ་ལམ་ལྷོང་མ་བྱུང་ཚེ། གཏོར་རྒོལ་ཚབས་ཆེན་བྱུང་ནས། མི་གྲངས་འབུམ་༤ ཙམ་ཊུར་ཀིའི་མཐའ་མཚམས་སུ་བྲོས་བྱོལ་འགྲོ་དགོས་པ་འགྱུར་སྲིད་སྐོར་བརྗོད་ཡོད་འདུག
ད་ལྟའི་ཆར་གནམ་གྲུ་ནས་གཏོར་རྒོལ་བྱེད་མཁན་གྱི་དོགས་གཞི་གཙོ་བོ་གཉིས་ནི་སི་རི་ཡའི་གཞུང་འཛིན་ཚོགས་པ་དང། ཨུ་རུ་སུ་གཉིས་ཡིན་འདུག
སི་རི་ཡའི་དམག་ཁྲུག་དེ་ལོ་༦ འགྲོ་བཞིན་ཡོད་པ་དང། དེ་ཡང་ཐོག་མར་ཕྱི་ལོ་༢༠༡༡ ལོར་ཨ་རབ་ལས་འགུལ་ཆེན་མོ་དང་བསྟུན་ནས། སི་རི་ཡའི་མི་མང་གིས་སྲིད་འཛིན་ཨ་སཌེ་ལས་དགོངས་ཞུ་དགོས་པའི་ངོ་རྒོལ་ལ། དྲག་གནོན་བྱས་པས་རིམ་བཞིན་གྱེན་ལོག་དམག་མི་ཚོགས་པ་བཙུགས་ནས་གཞུང་ལ་འཐབ་རྒོལ་བྱེད་འགོ་བཙུགས་ཡོད་པ་རེད། རིམ་བཞིན་ཁ་ཆེ་འཇིགས་སྐུལ་རིང་ལུགས་པས་སི་རི་ཡ་དང་ཨི་རག་གཉིས་ཀྱི་ས་ཁུལ་ཁ་ཤས་ལ་བཙན་བཟུང་བྱས་ནས། དམག་འཁྲུག་ནང་གི་ཕྱོགས་གཏོགས་གསར་པ་ཞིག་ཆགས་པ་དང། རྗེས་སུ་དྲག་སྤྱོད་ཚོགས་པ་དེས་ཕྱི་ལོ་༢༠༡༥ དང་༢༠༡༦ ལོར་ཡུ་རོབ་ཧྤ་རན་སི་དང་སྦེལ་ཇེམ་གཉིས་ལ་དྲག་རྒོལ་བྱས་ཏེ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་འཇིགས་སྣང་ཆེན་པོ་སྐུལ་ཡོད་པས། ཁུལ་དེ་དག་ལ་བདེ་འཇགས་ཀྱི་ཛ་དྲག་གི་ཁྲིམས་བཟོས་པ་མ་ཟད། ཡུ་རོབ་དང་ཨ་རི་སོགས་ཀྱིས་ཚོགས་པ་དེར་འཐབ་རྒོལ་བྱེད་ཆེད་དམག་མི་འཕོན་ཆེན་གཏོང་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།