ཊེའུ་ཊར་གྱིས་རྒྱ་ནག་གཞུང་གི་དྲ་དམག་འབུམ་གཅིག་དང་ཁྲི་བདུན་ལས་མང་བའི་དྲ་ཁང་ནག་གསུབ་བཏང་འདུག
རྒྱ་ནག་དང་ཨུ་རུ་སུ། དེ་བཞིན་ཏུར་ཀི་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་དང་སྲིད་དོན་ཚོགས་པ་ཚོས། དྲ་ཐོག་ཏུ་དྲ་དམག་གླས་ནས་སོ་སོའི་རྣམ་པ་བཟང་པོ་སྟོན་ཆེད་ཀྱི་གནས་ཚུལ་དང་མཆན་སོགས་མང་པོ་ཞིག་ཁྱབ་སྤེལ་གཏོང་བཞིན་ཡོད་པ་ལྟར། ཉེ་ཆར་སྤྱི་ཚོགས་དྲ་ལམ་ཆེ་གྲས་ཊེའུ་ཊར་གྱིས་རྒྱ་ནག་གཞུང་གི་དྲ་དམག་འབུམ་གཅིག་དང་ཁྲི་བདུན་ལས་མང་བའི་སྒེར་གྱི་དྲ་ཁང་དྲ་ཐོག་ནས་ནག་གསུབ་བཏང་ཡོད་འདུག
ཟླ་༦ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༡ ཉིན་ཨ་རིའི་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་(TWITTER) གྱིས་གསལ་བསྒྲགས་ཤིག་སྤེལ་ནས། དྲ་ལམ་དེའི་ཐོག་ཏུ་ཧོང་ཀོང་གི་ངོ་རྒོལ་དང་ཏོག་དབྱིབས་ནད་དུག དེ་བཞིན་གནད་དོན་གཞན་གྱི་སྐོར་གཞན་ལ་མགོ་སྐོར་བའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་མཁན་སྒེར་གྱི་དྲ་ཁང་འབུམ་གཅིག་དང་ཁྲི་བདུན་ལས་མང་བ་ཞིག་ནག་གསུབ་བཏང་ཡོད་པ་དང་། དེ་དག་ཚང་མ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་སྐོར་བརྗོད་འདུག
དེ་ཡང་རྒྱལ་སྤྱིའི་ནང་རྒྱ་ནག་གི་དྲ་དམག་མང་པོ་གླས་ནས་བྱ་སྤྱོད་སྤེལ་གྱི་ཡོད་པ་ཡོངས་གྲགས་ཡིན་ཁར། རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་མི་སྒེར་པ་དང་ཚོགས་པ་སོགས་ལ། དྲ་ཐོག་ནས་རྒྱ་ནག་གཞུང་གི་དྲ་དམག་གིས་སུན་གཙེར་བཟོས་པའི་གནས་ཚུལ་ཡང་མང་པོ་ཐོན་ཡོད་པ་རེད།
ཊེའུ་ཊར་ཚོང་ལས་ཁང་གིས་ནག་གསུབ་བཏང་བའི་དྲ་ཁང་དེ་དག་གིས། དྲ་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་བཟང་ཕྱོགས་ཀྱི་རྣམ་པ་སྟོན་པའི་གནས་ཚུལ་མང་པོ་ཞིག་ཁྱབ་སྤེལ་གཏོང་གི་ཡོད་པ་དང་། ཚོང་ལས་ཁང་གིས་གཡོ་ཐབས་ངན་བྱུས་བྱས་མི་ཆོག་པའི་སྲིད་བྱུས་དང་འགལ་གྱི་ཡོད་པས་དྲ་ཐོག་ནས་ནག་གསུབ་བཏང་བ་ཡིན་སྐོར་བརྗོད་འདུག
དེ་ཡང་དྲ་ཁང་དེ་དག་ལ་དཔྱད་ཞིབ་བྱེད་ཆེད་དུ་ཊེའུ་ཊར་ཚོང་ལས་ཁང་དང་མཉམ་ལས་བྱེད་མཁན་ཨོ་སི་ཀྲོ་ལི་ཡར་རྟེན་གཞི་བྱས་པའི། ཨོ་སི་ཀྲོ་ལི་ཡའི་ཐབས་བྱུས་ལྟེ་གནས་ཁང་གིས་བརྗོད་དོན་ལྟར་ན། ཊེའུ་ཊར་སྤྱི་ཚོགས་དྲ་ལམ་དེ་རྒྱ་ནག་ནང་དུ་བཀག་སྡོམ་བྱས་ཡོད་ཀྱང་། མང་པོ་ཞིག་གིས་(VPN) བཀོལ་སྤྱོད་ཀྱིས་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པ། དྲ་ལམ་དེའི་ཐོག་དམིགས་འབེན་བྱེད་ཡུལ་ཁོངས་ནས་རྒྱ་ནག་གི་ཕྱི་ལོགས་སུ་གནས་སྡོད་བྱེད་མཁན་རྒྱ་རིགས་ཚུད་ཀྱི་ཡོད་པ་དང་། ཁོ་ཚོའི་ཐོག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་རྒྱ་ཁྱབ་གཏོང་ཐབས་བྱེད་ཀྱི་ཡོད་པ། ནག་གསུབ་བཏང་བའི་དྲ་ཁང་དེ་དག་གིས་ཡི་གེ་མང་ཆེ་བ་རྒྱ་ཡིག་ཐོག་འབྲི་ཡི་ཡོད་སྐོར་བརྗོད་འདུག
དེ་བཞིན་དྲ་ཁང་དེ་དག་ལ་དཔྱད་ཞིབ་བྱེད་མཁན་གཞན་ཨ་རིའི་གཙུག་ལག་སློབ་ཁང་སཱེ་ཀྲན་ཧྥོར་ཌ་དྲ་ཐོག་རྟོག་ཞིབ་ཁང་གིས་བརྗོད་དོན་ལྟར་ན། དྲ་ཐོག་ཏུ་ཏོག་དབྱིབས་ནད་དུག་སྐོར་འབྲི་མཁན་དྲ་ཁང་དེ་དག་མང་ཆེ་བ་ཟླ་༡ པོའི་མཇུག་ཏུ་བཟོས་ཡོད་དང་། ཏོག་དབྱིབས་ནད་དུག་དང་འབྲེལ་ནས་རྒྱ་ནག་གི་འཐབ་རྒོལ་གྱི་བྱ་སྤྱོད་ལ་བསྟོད་བསྔགས་དང་། ཨ་རི་དང་ཧོང་ཀོང་ལས་འགུལ་བར་ཁ་གཏད་གཅོག་གི་ཡོད་སྐོར་བརྗོད་འདུག
ཊེའུ་ཊར་ཚོང་ལས་ཁང་གིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་ལ་རྒྱབ་སྐྱོར་གྱི་གནས་ཚུལ་ཁྱབ་སྤེལ་གཏོང་བར་ལས་དོན་ཤུགས་ཆེན་བྱེད་མཁན་སྒེར་གྱི་དྲ་ཁང་༢༣,༧༥༠ ངོས་འཛིན་བྱུང་ཡོད་པ་དང་། དེ་དག་གིས་སྤེལ་བའི་གནས་ཚུལ་རྣམས་བརྒྱུད་བསྐུལ་བྱེད་མཁན་སྒེར་གྱི་དྲ་ཁང་འབུམ་གཅིག་དང་ཁྲི་ལྔ་ངོས་འཛིན་བྱུང་ཡོད་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༩ ལོའི་ཟླ་༨ པའི་ནང་ཊེའུ་ཊར་ཚོང་ལས་ཁང་གིས། ཧོང་ཀོང་ནང་དུ་ཆབ་སྲིད་ཀྱི་འགལ་ཟླ་བཟོ་ཆེད་དུ་རྒྱ་ནག་སྐམ་ས་ཆེན་མོ་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་སྒེར་གྱི་དྲ་ཁང་༡༠༠༠ མ་ཟིན་ཙམ་ཞིག་ནག་གསུབ་བཏང་ཡོད་པ་རེད།
ཚོང་ལས་ཁང་དེས་ཨུ་རུ་སུའི་གཞུང་འཛིན་སྲིད་དོན་ཚོགས་པ་དང་། ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷོན་གྱི་སྲིད་དོན་ཚོགས་པ་བཅས་དང་འབྲེལ་བ་ཡོད་པའི་སྒེར་གྱི་དྲ་ཁང་ཡང་མང་པོ་ཞིག་ནག་གསུབ་བཏང་ཡོད་སྐོར་བསྒྲགས་འདུག
འཛམ་གླིང་ཊེའུ་ཊར་བེད་སྤྱོད་བྱེད་མཁན་ས་ཡ་༣༠༠ ལས་མང་བ་ཡོད་པས། ཤུགས་རྐྱེན་ཆེ་གྲས་ཀྱི་བརྒྱུད་ལམ་ཞིག་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།