ཊོམ་༢༠༢༡ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་ནང་འདེམས་ཐོན་བྱུང་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཁོང་རང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འཐོབ་འོས་ཚུལ་ཐེངས་འགའ་ལ་གསུང་མྱོང་བ་ལྟར། ཁོང་གི་རྨི་ལམ་དེ་མངོན་དུ་འགྱུར་བར་གོམ་པ་གཅིག་ཉེ་རུ་ཕྱིན་འདུག 

སྲིད་འཛིན་ཊོམ་གྱིས་ཨེ་སི་རིལ་(Israel)དང་། ཨ་རབ་མཉམ་འབྲེལ་རྒྱལ་ཁབ་(United Arab Emirates)གཉིས་ཀྱི་འབྲེལ་ལམ་བཟང་དུ་བཏང་ནས་ལོ་རྒྱུས་རང་བཞིན་ཅན་གྱི་གྲོས་མཐུན་འཇོག་པའི་ཐོག་ལ་ནུས་ཤུགས་ཆེན་པོ་བཏོན་ཡོད་པས། ཁོང་༢༠༢༡ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞིའི་ནང་བདམས་པ་ཡིན་ཚུལ་བཤད་འདུག

ཁོང་འཛམ་གླིང་སྟེང་གི་སྙན་གྲགས་ཆེ་ཤོས་ཀྱི་གཟེངས་རྟགས་དེའི་འོས་གཞིའི་ནང་འདེམས་མཁན་ནི། ནོར་ཝེ་གྲོས་ཚོགས་ཀྱི་འཐུས་མི་ཁི་སི་ཤུན-ཐྲ་བྷ་རེན་(Christian Tybring-Gjedde) ཡིན་འདུག་ཅིང་། ཁོང་གིས་ཞི་བདེའི་གཟེངས་རྟགས་འཐོབ་མཁན་མང་པོ་ཞིག་ལས་སྲིད་འཛིན་ཊོམ་གྱིས་ཞི་བདེའི་ལས་དོན་མང་བ་བསྒྲུབས་ཡོད་ཅེས་བཤད་པའི་ཐོག “ངས་བལྟས་ན། ཞི་བདེའི་གཟེངས་རྟགས་ཀྱི་འོས་གཞི་གཞན་ཐམས་ཅད་ལས་ཁོང་གིས་རྒྱལ་ཁབ་ཕན་ཚུན་བར་དུ་ཞི་བདེ་སྐྲུན་པའི་འབད་བརྩོན་མང་བ་བྱས་ཡོད་རེད་”ཅེས་བསྣན་འདུག 

ད་ལྟའི་ཆར་ཨ་རིའི་མི་མང་གི་བསམ་ཚུལ་བསྡུ་ལེན་ནང་། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་ལ་དགའ་མོས་བྱེད་མཁན་མང་བ་བྱུང་ནས་ཁོང་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་འབྱུང་རྒྱུ་རེ་བ་ཆེན་པོ་ཡོད་པར་མངོན་ན་ཡང་། གནས་ཚུལ་འདིས་ཊོམ་ལ་རྒྱལ་ཁ་འཐོབ་པར་ཕན་ཐོགས་ཡོང་སྲིད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།