ཊོམ་གྱི་བུ་མོར་རྒྱ་ནག་གིས་སྤྲེལ་ལད་འཁྲབ་བཞིན་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་དང་ཚོང་དམག་རྒྱག་བཞིན་ཡོད་ཀྱང་། རྒྱ་ནག་གིས་ཁོང་གི་བུ་མོ་ཞིག་གི་ཚོང་རྟགས་གསར་པ་༡༦ ལ་རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆོག་མཆན་སྤྲད་ཡོད་འདུག མོ་ནི་སྲིད་འཛིན་ཊོམ་གྱི་སློབ་སྟོན་པ་གཙོ་གྲས་ཤིག་ཡིན་པས། མོའི་ཕྱི་འབྲེལ་སྲིད་བྱུས་དང་ཊོམ་གྱི་སྲིད་བྱུས་ལ་དོགས་སློང་ཞིག་རང་བཞིན་སླེབས་བཞིན་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་སི་ཨན་བྷི་སི་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་སྔོན་མར་ཨ་རིའི་སྲིད་འཛིན་ཊོམ་གྱི་བུ་མོ་དང་སློབ་སྟོན་པ་གཙོ་གྲས་ཨི་ཝན་ཀ་ཊོམ་གྱི་ཚོང་རྟགས་གསར་པ་༡༦ ལ། རྒྱ་ནག་ནང་དུ་ཚོང་འགྲེམས་བྱེད་པའི་སྔོན་འགྲོའི་ཆོག་མཆན་ཐོབ་ཡོད་འདུག ཨ་རིའི་མི་སེར་གྱི་བཟང་སྤྱོད་དང་འགན་འཁྲི་ཚོགས་པ་ཞེས་པ་དེས་མོའི་ཕ་སྲིད་འཛིན་ཊོམ་གྱིས་རྒྱ་ནག་དང་ཚོང་དམག་རྒྱག་བཞིན་པའི་སྐབས་སུ། མོ་ལ་རྒྱ་ནག་ནང་དུ་ཚོང་རྒྱག་ཆོག་པའི་ཆོག་མཆན་ཐོབ་པ་དེ་ནི་དོགས་གཞི་ཞིག་ཡིན་ཁར། སྲིད་འཛིན་ཊོམ་གྱི་ཚོང་དམག་ལ་བརྟེན་ནས་ཁོང་གི་ནང་མིར་རྒྱ་ནག་ནང་ཚོང་རྒྱག་ཆོག་པའི་ཆོག་མཆན་ཐོབ་པ་དེ་ནི་རྒྱ་ནག་གི་སྤྲེལ་ལད་ཡིན་དང་། ཡང་ན་སྲིད་འཛིན་ཊོམ་གྱིས་རང་གི་ནང་མའི་ཁེ་ཕན་ལ་བལྟས་ནས་ཕྱི་འབྲེལ་སྲིད་བྱུས་བཟོས་པ་ཡིན་པ་སོགས་བཟང་སྤྱོད་ཀྱི་དོགས་གཞི་ཞིག་ཡིན་སྐོར་་བརྗོད་འདུག

མོས་ཚོང་རྟགས་དེ་རིགས་རྒྱ་ནག་ནང་ཚོང་འགྲེམས་བྱེད་ཆེད་ཀྱི་ཆོག་མཆན་ཕྱི་ལོ་༢༠༡༦ ལོར་ཞུས་ཡོད་ཀྱང་། འདི་ལོའི་ཟླ་བ་སྔོན་མར་སྔོན་འགྲོའི་ཆོག་མཆན་ཐོབ་ཡོད་འདུག དེ་བཞིན་ཟླ་༥ པའི་ནང་ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་ཚོང་ལས་ཁང་ཆེ་གྲས་ཛེ་ཌི་ཨི་(ZTE) བཀག་འགོག་བྱས་པ་དེ་ཕྱིར་འཐེན་བྱེད་འདོད་ཡོད་པའི་གསལ་བསྒྲགས་མ་བྱས་པའི་བདུན་ཕྲག་གཅིག་གི་སྔོན་དུ། མོའི་ཚོང་རྟགས་ཁག་ཅིག་ལ་རྒྱ་ནག་ནང་ཆོག་མཆན་ཐོབ་ཡོད་ཁར། ཕྱི་ལོ་༢༠༡༧ ལོར་མོ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཉམ་དུ་དགོང་ཟས་ལ་རོལ་བའི་ཉིན་མོ་དེར། མོའི་ཚོང་རྟགས་༣ ལ་རྒྱ་ནག་ནང་ཚོང་འགྲེམས་བྱེད་པའི་ཆོག་མཆན་ཐོབ་ཡོད་འདུག

ཨ་རིའི་སྲིད་གཞུང་ལ་གནད་དོན་དེའི་ཐད་དྲི་བ་དྲིས་ཀྱང་། ད་ལྟའི ཆར་ལན་འདེབས་གང་ཡང་སྤྲད་མི་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།