ཊོམ་གྱི་རྩིག་པའི་ལས་འཆར་གྱི་འགྲོ་གྲོན་སྔོན་རྩིས་ནང་བཅུག་མ་ཐུབ་པ།
སྲིད་འཛིན་ཊོམ་གྱིས་འོས་བསྡུའི་སྐབས་ཀྱི་ཁས་ལེན་དམ་བཅའ་ཁ་ཤས་ཤིག་འགྲུབ་མིན་ལ་མ་ལྟོས་པར། ད་དུང་བསྒྲུབ་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་ཁག་གི་གནོན་ཤུགས་འོག་ཏུ་ལྷག་ཡོད་སྐོར་དཔྱད་བརྗོད་པ་ཚོས་གླེང་བཞིན་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༦ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མེག་སི་ཀོ་དང་ཨ་རིའི་ས་མཚམས་ཀྱི་རྩིག་པ་བརྒྱབ་ཆེད་དུ་སློང་བའི་འགྲོ་གྲོན་ཁྲིམས་འཆར་དེ་བཀག་རྒྱུའི་སྡིགས་ར་སྐུལ་བཞིན་ཡོད་པ་དང་། ཁྲིམས་འཆར་དེ་བཀག་ན་གཞུང་སྒོ་བརྒྱབ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་སྟབས། རྩིས་མགོ་དེ་ཕྱིར་འཐེན་མ་བྱེད་ཀ་མེད་ཆགས་ཡོད་འདུག་ལ། དེ་བཞིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སློབ་སྟོན་པ་ཁོན་ཝེ་ཡིས་ཀྱང་རྩིག་པ་བརྒྱབ་རྒྱུའི་འགྲོ་གྲོན་དེ། ཟླ་འདིའི་ཕྱི་ཚེས་༢༨ ཚུན་ཆད་ལ་བཀའ་འཁྲོལ་ཐོབ་དགོས་ངེས་ཀྱི་སྔོན་རྩིས་ནང་བླུགས་ཀྱི་མེད་སྐོར་བརྗོད་ཡོད་འདུག
དེ་སྔོན་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྐབས་ཨ་རི་དང་མེག་སི་ཀོ་གཉིས་ཀྱི་ས་མཚམས་སུ་རྩིག་པ་རྒྱག་རྒྱུ་དང་། དེའི་འགྲོ་གྲོན་མེག་སི་ཀོ་ལ་གཏོང་འཇུག་རྒྱུ་དེ་ཌོ་ནལ་ཊོམ་གྱི་འོས་བསྡུའི་དྲིལ་བསྒྲགས་ཀྱི་དམ་བཅའ་གཙོ་བོ་ཞིག་ཡིན་པ་རེད་འདུག་ལ།
སྲིད་འཛིན་ཊོམ་གྱིས་ཨུ་ཚུགས་ཀྱི་སྒོ་ནས་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ཐོག་ད་དུང་ཡང་རྩིག་པ་བརྒྱབ་རྒྱུར་རྒྱབ་སྐྱོར་ཡོད་སྐོར་དང་། བརྒྱབ་རྒྱུ་ཡིན་སྐོར་སོགས་བསྒྲགས་བཞིན་ཡོད་འདུག་པ་མ་ཟད། ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་དགོང་མོར་རྙིང་ཞེན་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་བསྐོངས་ནས་ལོ་འདིའི་ནང་མ་དངུལ་ཐབས་ཤེས་འཐེན་གྱི་ཡིན་སྐོར་བརྗོད་ཡོད་པ་རེད་འདུག དེ་བཞིན་ཊོམ་གྱི་སློབ་སྟོན་པ་ཁོན་ཝེ་ཡིས་ཨ་རིའི་ཧྥོག་སེ་གསར་ཁང་ཞེས་པར། རྩིག་པའི་མ་དངུལ་བདུན་ཕྲག་འདིའི་ནང་ངེས་པར་དུ་རག་དགོས་པ་ཞིག་མིན་པ་དང་། རྩིག་པ་བརྒྱབ་རྒྱུའི་ལས་འཆར་ནི་ཧ་ཅང་གལ་གནད་ཆེ་བའི་ལས་དོན་ཞིག་ཏུ་མུ་མཐུད་གནས་ཀྱི་ཡོད་སྐོར་བཅས་བརྗོད་ཡོད་པ་རེད་འདུག
གནས་ཚུལ་འདི་སྐོར་ལྷོ་ཨ་མི་རི་ཁའི་སྦི་སྦི་སིའི་རྩོམ་སྒྲིག་པ་ཇོན་སོ་པེལ་གྱིས་(སྲིད་འཛིན་ཊོམ་རྩིག་པ་ཞིག་ལ་རྒྱབ་གཏོད་བྱས་ནས་ཡོང་བ་རེད་)ཅེས་པ་ཞིག་བྲིས་པའི་ནང་འཁོད་དོན་དུ། དེ་ཡང་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་སྐབས་སུ་ཌོ་ནལ་ཊོམ་གྱིས་མང་ཚོགས་ལ་གཏམ་བཤད་སྤེལ་སྐབས། “རྩིག་པའི་མ་དངུལ་སུས་གཏོང་གི་རེད་” ཅེས་ཁོང་གིས་དྲི་བ་བཀོད་པ་དང་། མང་ཚོགས་ཀྱིས་“མེག་སི་ཀོ་”ཞེས་སྐད་གསང་མཐོན་པོའི་ངང་ནས་ལན་འདེབས་བྱས་ཡོད་པ་མ་ཟད། ཁོའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ཀྱི་རྩ་དོན་གཙོ་བོ་ཞིག་ཀྱང་ཆགས་ཡོད་པ་རེད། འོན་ཀྱང་སྐབས་དེར་མེག་སི་ཀོ་གཞུང་གིས་རྩིག་པའི་མ་དངུལ་གཏང་རྒྱུ་མིན་སྐོར་གྱི་ལན་འདེབས་བྱས་ཡོད། དེ་རྗེས་ཊོམ་ཕོ་བྲང་དཀར་པོའི་ནང་ཐོག་མར་སླེབས་སྐབས་སུ་རྩིག་པའི་འཛུགས་སྐྲུན་གྱི་མ་དངུལ་དེ་དང་པོ་ཨ་རིའི་དཔྱ་དངུལ་འབུལ་མཁན་མང་ཚོགས་ཀྱིས་བཏང་ན། རྗེས་སུ་མེག་སི་ཀོའི་ལག་ནས་ལེན་རྒྱུ་ཡིན་སྐོར་སྔར་ལས་ཆེ་བའི་སྡིངས་ཆ་ཞིག་གི་ཐོག་ནས་བསྒྲགས་ཡོད། ད་ཆ་ཌོ་ནལ་ཊོམ་སྲིད་འཛིན་ལས་ཁུར་བླངས་ཏེ་ཉི་མ་༡༠༠ འཁོར་གྱི་ཡོད་པ་དང་། དུས་ཚོད་དེ་དག་གི་རིང་ལ་མང་གཙོ་ཚོགས་པའི་གྲོས་ཚོགས་མི་སྣ་རྣམས། ཊོམ་གྱི་ལས་འཆར་རྣམས་ཀྱི་ལྡོག་ཕྱོགས་སུ་འགྲེང་ཡོད་སྟབས། ཊོམ་གྱིས་བཀག་རྡོ་ཆེན་པོ་ཞིག་ལ་གདོང་གཏད་ནས་ཡོང་དགོས་འཁེལ་ཡོད་པ་མ་ཟད། འགྲོ་སོང་གཏོང་ཕྱོགས་དང་འབྲེལ་བའི་གྲོས་འཆར་གྱི་རིགས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་བཀག་ཐུབ་ཀྱི་ཡོད་པ་རེད། དེའི་རྐྱེན་གྱིས་ད་ལྟ་ཕོ་བྲང་དཀར་པོའི་སྔོན་རྩིས་སློབ་སྟོན་པས་སྔོན་རྩིས་མ་དངུལ་ནས་ས་མཚམས་སུ་རྩིག་པ་བརྒྱབ་འཆར་གྱི་རྩིས་མགོ་དེ་ཕྱིར་འཐེན་བྱས་ཏེ། སྔོན་རྩིས་ཀྱི་འཆར་འཞི་བསྐྱར་བཟོ་བྱེད་དགོས་ཀྱི་ཡོད་པ་རེད། སྲིད་འཛིན་ཊོམ་གྱིས་དེ་རིང་ཞོགས་པར་ཊུ་ཊེར་ཐོག་“བརྒྱུད་ལམ་རྫུན་མ་རྣམས་ཀྱིས་རྩིག་པ་བརྒྱབ་རྒྱུའི་འཆར་གཞི་དེ་ངས་འགྱུར་བ་བཏང་ཟིན་པ་རེད་ཟེར་བར་ཡིད་ཆེས་མ་བྱེད། མ་འོངས་པར་རྩིག་པ་བརྒྱབས་ནས་སྨྱོ་རྫས་མེད་པ་བཟོ་རྒྱུ་དང་། ཁྲིམས་འགལ་གྱི་མི་ཚོང་གི་ལས་ཀ་སོགས་མེད་པ་ཡོང་རྒྱུར་ཕན་ཐོགས་སྐྲུན་གྱི་རེད་”ཅེས་བསྒྲགས་ཡོད་པ་རེད། མ་འོངས་པར་རྩིག་པ་བརྒྱབ་ཐུབ་པ་ཞིག་བྱུང་སྲིད་ཀྱང་། ད་ལྟའི་གནས་བབ་ཀྱིས་འོས་བསྡུའི་སྐབས་ཀྱི་དྲིལ་བསྒྲགས་དང་དངོས་སུ་གཞུང་འཛིན་པའི་སྐབས་གཉིས་སུ་ཁྱད་པར་ཅི་ཙམ་ཡོང་གི་ཡོད་མེད་ཀྱི་བསླབ་བྱ་གསལ་པོ་ཞིག་ཏུ་གྱུར་ངེས་པ་རེད། སྲིད་འཛིན་ཊོམ་གྱིས་འདི་ལོའི་དབུས་གཞུང་གི་ལས་དོན་མ་དངུལ་གྱི་ཁྲོད་ནས་རྩིག་པ་བརྒྱབ་ཆེད་དུ་ཨ་སྒོར་ཐེར་འབུམ་༡.༥ ཡི་གྲོས་འཆར་བཏོན་ཡོད་འདུག དཔྱད་བརྗོད་པ་ཚོས་ཊོམ་གྱིས་སྲིད་འཛིན་ལས་ཁུར་བླངས་ནས་ཉིན་༡༠༠ འཁོར་གྱི་ཡོད་པ་དང་། དུས་ཚོད་དེ་དག་གི་རིང་ལ་འོས་བསྡུའི་སྐབས་ཀྱི་ཁས་ལེན་དམ་བཅའ་ཁ་ཤས་ཤིག་འགྲུབ་ཡོད་ཀྱང་། ཁས་ལེན་དམ་བཅའ་གཞན་མང་པོ་ཞིག་བསྒྲུབ་ཆེད་དུ་གནོན་ཤུགས་ཀྱི་འོག་ཏུ་ལྷག་ཡོད་སྐོར་བརྗོད་ཀྱིན་ཡོད་པ་རེད་ཅེས་སྤེལ་འདུག
ཌོ་ནལ་ཊོམ་གྱིས་མེག་སི་ཀོ་དང་ཨ་རིའི་ས་མཚམས་སུ་རྩིག་པ་བརྒྱབ་པར་ཨ་སྒོར་ཐེར་འབུམ་༡༢ འགྲོ་ཡི་ཡོད་པར་བརྗོད་ཡོད་འདུག་ཀྱང་། སྤྱི་མཐུན་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ཨ་སྒོར་ཐེར་འབུམ་༢༡.༦ འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་འདུག
སྲིད་འཛིན་ཊོམ་གྱི་རྩིག་པ་རྒྱག་རྒྱུའི་ལས་འཆར་དེར་ཨ་རིའི་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པས། ལས་འཆར་དེ་བོགས་མར་ལེན་འདོད་ཡོད་མཁན་ཚོང་ལས་སྡེ་ཚན་བརྒྱ་ཕྲག་ཁ་ཤས་ཡོད་འདུག་ཀྱང་། ཨ་རིའི་ནང་གི་ཉམས་མྱོང་དང་མི་རྒྱུ་སོགས་ལྡན་པའི་འཛུགས་སྐྲུན་དང་ཨར་ལས་འཆར་འགོད་པའི་ཚོང་ལས་སྡེ་ཚན་ཆེ་ཁག་མང་པོ་ཞིག་གིས་ལས་འཆར་དེ་བོགས་མ་ལེན་འདོད་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་ཡང་ཨ་རིའི་མངའ་སྡེ་ཁག་ཅིག་དང་རྒྱལ་སྤྱིའི་ནང་ཚོང་འབྲེལ་གྱི་དཀའ་ངལ་མི་འཕྲད་པའི་ཆེད་ཡིན་པ་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།