ཊོམ་གྱི་ས་མཚམས་རྩིག་པའི་ལས་འཆར་དེ་ཚོང་ལས་སྡེ་ཚན་ཆེ་ཁག་གིས་བོགས་མ་ལེན་འདོད་མེད་པ།

ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊོམ་གྱིས། ཁྲིམས་འགལ་གྱི་གནས་སྤོ་བ་འགོག་ཆེད། ཨ་རི་དང་མེག་སི་ཁོའི་ས་མཚམས་སུ་རྩིག་པ་རྒྱག་པའི་བོགས་མ་དེ་སུ་ལ་སྤྲོད་དགོས་མིན་ཐད། འདོད་མོས་ཡོད་མཁན་ཚོས་ལས་འཆར་གྱི་བྱེད་འཆར་སྤྲོད་དགོས་ཀྱི་ཡོད་འདུག་པས། ཨ་རིའི་འཛུགས་སྐྲུན་དང་ཨར་ལས་འཆར་འགོད་པའི་ཚོང་ལས་སྡེ་ཚན་ཆེ་ཁག་མང་པོ་ཞིག་གིས་མཉམ་ཞུགས་བྱས་མེད་པ་རེད་འདུག

དེ་ཡང་ཟླ་འདིའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨེན་ཨེན་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཐོག་མ་ནས་སྲིད་འཛིན་ཊོམ་གྱི་ས་མཚམས་སུ་རྩིག་པ་རྒྱག་འཆར་དེར། ཨ་རིའི་ནང་དང་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་སླེབས་ཡོད་པ་དང་། ལས་འཆར་དེ་བོགས་མར་ལེན་འདོད་ཡོད་མཁན་ཚོང་ལས་སྡེ་ཚན་བརྒྱ་ཕྲག་ཁ་ཤས་ཡོད་འདུག་ཀྱང་། ཨ་རིའི་ནང་གི་ཉམས་མྱོང་དང་མི་རྒྱུ་སོགས་ལྡན་པའི་འཛུགས་སྐྲུན་དང་ཨར་ལས་འཆར་འགོད་པའི་ཚོང་ལས་སྡེ་ཚན་ཆེ་ཁག་མང་པོ་ཞིག་གིས་ལས་འཆར་དེ་བོགས་མ་ལེན་འདོད་བྱེད་ཀྱི་མེད་པ་རེད་འདུག

དེ་ཡང་རྩིག་པ་འཛུགས་སྐྲུན་གྱི་བོགས་མ་ཐོབ་པར། ལས་འཆར་གྱི་བྱེད་འཆར་སྤྲོད་པའི་དུས་ཚོད་མཐའ་མ་དེ་ཟླ་འདིའི་ཚེས་༤ ཉིན་ཡིན་འདུག་པ་དང་། ཨ་རིའི་ནང་གི་ཨར་ལས་བོགས་མ་ལེན་མཁན་གྱི་ཚོང་ལས་སྡེ་ཚན་ཆེ་ཤོས་༢༠ ནས་༣ མ་གཏོགས་ཀྱིས་བྱེད་འཆར་སྤྲད་མེད་པ་རེད།

དེ་ཡང་ཨ་རིའི་ཁེ་ལི་ཧྥོ་ནི་ཡ་དང་ནིའུ་ཡོག་མངའ་སྡེའི་གྲོས་ཚོགས་མི་སྣས། སྲིད་འཛིན་ཊོམ་གྱི་ས་མཚམས་རྩིག་པ་དེར་མཉམ་ཞུགས་བྱེད་མཁན་ཚོང་ལས་སྡེ་ཚན་ཚོ། མ་འོངས་མངའ་སྡེའི་ནང་འཛུགས་སྐྲུན་གྱི་ལས་ཀ་མི་སྤྲོད་པའི་ཐོ་གཞུང་ནག་པོའི་ནང་དུ་འཇུག་དགོས་པའི་གྲོས་འཆར་བཏོན་ཡོད་འདུག ད་ལྟའི་ཆར་གྲོས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱ་རྒྱུ་ཡིན་འདུག་ཀྱང་། ཚོང་ལས་སྡེ་ཚན་ཆེ་ཁག་རྣམས་ཀྱིས་གྲོས་འཆར་དེ་ཁྲིམས་སུ་འགྱུར་བའི་ཉེན་ཁ་ཡོད་པར་རྩིས་པ་དང་། དེ་བཞིན་གལ་ཏེ་རྩིག་པའི་ལས་འཆར་དེ་བོགས་མར་བླངས་ཚེ། མ་འོངས་པར་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ནང་དུ་ཡང་འཛུགས་སྐྲུན་གྱི་བོགས་མ་ཐོབ་རྒྱུར་དཀའ་ངལ་འཕྲད་སྲིད་པ་སོགས་ལ་གཞིགས་ནས། ལས་འཆར་དེའི་བོགས་མ་ལེན་འདོད་བྱེད་ཀྱི་མེད་འདུག

དེ་སྔོན་མེག་སི་ཁོ་རྒྱལ་ཁབ་ཀྱི་ཨར་འདམ་ཚོང་ལས་ཁང་ཆེན་པོ་སི་མེག་ཅེས་པ་དེས། གལ་ཏེ་རྩིག་པ་རྒྱག་མཁན་གྱི་ཚོང་ལས་སྡེ་ཚན་ཚོས་ཁོ་ཚོའི་ཚོང་ལས་ཁང་ལ་འཛུགས་སྐྲུན་གྱི་རྒྱུ་ཆ་མངགས་གཏོང་བྱས་ཚེ། མཁོ་སྤྲོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། རྗེས་སུ་ཁོང་ཚོས་ལས་འཆར་དེའི་ནང་མཉམ་ཞུགས་བྱ་རྒྱུ་མིན་པ་གསལ་བསྒྲགས་བྱས་ཡོད་འདུག དེ་ཡང་བདུན་ཕྲག་སྔོན་མར་མེག་སི་ཁོའི་ཕྱི་སྲིད་བློན་ཆེན་གྱིས། རྒྱལ་ཁབ་དེའི་ཚོང་ལས་ཁང་ཚོས་རྩིག་པའི་ལས་འཆར་ལ་མཉམ་ཞུགས་བྱེད་འདོད་ཡོད་ཚེ། ཐོག་མར་རང་ཉིད་ཀྱི་ཤེས་བཞིན་ལ་བརྟག་དཔྱད་བྱོས་ཞེས་བརྗོད་པས་རྗེས་སུ་གསལ་བསྒྲགས་བྱས་པ་ཞིག་རེད་འདུག

ཊོམ་སྲིད་གཞུང་གིས་རྩིག་པ་དེ་རྒྱག་པར་ཨ་རིའི་མི་སེར་སྟོང་ཕྲག་མང་པོའི་སྒེར་གྱི་ས་ཆ་བེད་སྤྱོད་བྱེད་དགོས་ཀྱི་ཡོད་འདུག་པས། དེའི་ཆེད་དུ་ལོ་མང་རིང་ཁྲིམས་གཏུག་དང་འགྲོ་སོང་ཕོན་ཆེན་གཏོང་དགོས་པ་ཆགས་རྒྱུ་ཡིན་འདུག

སྲིད་འཛིན་ཊོམ་གྱིས་ས་མཚམས་རྩིག་པ་དེར། ས་འོག་ལ་དབྱིན་ཁྲུ་(Foot)༧ དང་མཐོ་ཚད་དབྱིན་ཁྲུ་༤༠ ། རིང་ཚད་དབྱིན་ལེ་(Mile) ༡༠༠༠ དང་མཐུག་ཚད་དབྱིན་ཚོན་(Inch) ༡༠ བྱས་པ་ཞིག་རྒྱག་འཆར་ཡོད་འདུག ཞིབ་འཇུག་པ་ཚོས་ཚོད་དཔག་བྱས་ན་ལས་འཆར་དེར་འགྲོ་སོང་ཨ་སྒོར་ཐེར་འབུམ་༡༥ ཙམ་འགྲོ་ཉེན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།