ཊོམ་གྱི་སྐབས་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་དམ།

ཉེ་ཆར་(Newsweek) ཞེས་པའི་གསར་ཁང་གིས་ཨ་རིའི་འོས་བསྡུའི་ཁྲོད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊོམ་ལ་རྒྱལ་ཁ་ཐོབ་རྗེས། ཊོམ་གྱི་འཛིན་སྐྱོང་འོག་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་མིན་དང་། ད་ལྟའི་ཆར་གནས་ཚུལ་དབྱེ་ཞིབ་པ་ཚོས་གནད་དོན་དེའི་ཐོག་ལ་ག་རེ་གསུང་གི་ཡོད་པ་དང་འབྲེལ་བའི་རྩོམ་ཡིག་ཅིག་སྤེལ་འདུག

པར། Newsweek

རྩོམ་ཡིག་དེའི་ནང་། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊོམ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པའི་སྐབས། ཞི་ཅིན་ཕིང་གིས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལས་ཁེ་ཕན་བྱུང་ཡོད་པ་དང་། ཁ་གཏད་གཅོག་རེས་བྱས་པ་ལས་གྱོང་གུན་ཕོག་གི་ཡོད་པའི་ཉེན་བརྡ་ཞིག་བཏང་ཡོད་པ། དེ་སྔ་ཊོམ་ཨ་རིའི་སྲིད་འཛིན་ཡིན་པའི་སྐབས་ཊོམ་དང་ཞི་ཅིན་ཕིང་གཉིས་ཀྱིས་དཔལ་འབྱོར་གྱི་ཁ་གཏད་གཅོག་རེས་བྱས་ཡོད་པ་དང་། ཊོམ་གྱི་དུས་ཡུན་གཉིས་པའི་དུས་སུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་མང་དུ་འགེལ་རྒྱུ་ཡིན་ཡང་། ཨ་རྒྱ་གཉིས་ཀྱི་ཚོང་དམག་གི་རྒྱབ་ཏུ་ཛ་དྲག་གི་གནས་ཚུལ་གཞན་ཞིག་ཡོད་པ་ནི་ཐའེ་ཝན་གྱི་ཐོག་ལ་དམག་འཁྲུག་ལངས་མིན་དེ་ཡིན་པ། གལ་སྲིད་དམག་འཁྲུག་ཅིག་ལངས་ན་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཆག་སྒོ་ཆེན་པོ་སློང་སྲིད་པ་བརྗོད་འདུག

དེ་བཞིན། པེ་ཅིང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་འོག་ཐའེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། རང་བཙན་རྒྱལ་ཁབ་ཅིག་མིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ། དེའི་དམིགས་ཡུལ་ནི་ཕྱི་ལོ་༡༩༤༩ ལོར་རྒྱ་གཞུང་གི་ནང་འཁྲུག་ལས་བྱུང་བའི་ནོར་འཁྲུལ་ཡོ་བསྲང་བྱས་ཏེ། ཡང་བསྐྱར་གཅིག་གྱུར་བཟོ་རྒྱུ་དེ་ཡིན་པ་བརྗོད་འདུག

ཕྱི་ལོ་༡༩༧༠  ལོ་ནས་བཟུང་ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལག་བསྟར་བྱས་ཏེ་རྒྱ་ནག་གཞུང་དང་གཞུང་འབྲེལ་གྱི་འབྲེལ་བ་བཙུགས། ཨ་རིས་ཐའེ་ཝན་གྱི་རང་བཙན་ལ་ངོས་འཛིན་བྱེད་ཀྱི་མེད་ཀྱང་། ཐའེ་ཝན་དང་གཞུང་འབྲེལ་མིན་པའི་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དང་། ཐའེ་ཝན་ལ་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ། རྒྱ་ནག་གིས་ཐའེ་ཝན་ཟླ་སྒྲིལ་གྱི་དོན་དུ་བཙན་འཛུལ་བྱས་ཚེ། ཨ་རི་ལ་དམག་དོན་ཐོག་ཐེ་གཏོགས་བྱེད་རྒྱུའི་ཐབས་བྱུས་གསལ་པོ་མེད་པ་དང་། ཡིན་ཡང་། བྷ་ཌན་སྲིད་གཞུང་གིས་ཐེ་གཏོགས་བྱེད་རྒྱུ་ཡིན་པའི་བརྡ་ལན་ཤུགས་ཆེན་སྤྲད་ཡོད་པ་བརྗོད་འདུག

ཐའེ་ཝན་གྱི་རྒྱ་ཁྱོན་ཆ་ནས་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་བཞི་སྟོང་མ་ཟིན་ཙམ་དང་། མི་འབོར་ས་ཡ་༢༣.༥ ལྷག་ཡོད་པ་དང་། ཐའེ་ཝན་ནི་དཔལ་འབྱོར་ཡར་རྒྱས་ཆེ་བའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་མི་མང་ཆེ་བ་རྒྱ་རིགས་ཡིན་ཞིང་། ཐའེ་ཝན་ནི་ཤར་རྒྱ་ནག་རྒྱ་མཚོ་དང་། ལྷོ་རྒྱ་ནག་རྒྱ་མཚོ་གཉིས་ཀྱི་བར་དུ་ཆགས་ཡོད་པ་སོགས་ལ་བརྟེན། ཚོང་ལས་དང་མཚོ་དམག་གི་ཐད་ནས་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། མངའ་ཁུལ་དེ་དག་ཏུ་ཡོད་པའི་རྒྱ་ནག་དང་ཨ་རི་གཉིས་ཀྱི་གལ་ཆེའི་མཐུན་ཕྱོགས་རྒྱལ་ཁབ་ཉི་ཧོང་དང་། ལྷོ་ཀོ་རི་ཡ་གཉིས་ཀྱི་བདེ་འཇགས་ལ་ཡང་འབྲེལ་བ་ཆགས་ཡོད་བརྗོད་འདུག

ཐའེ་ཝན་ནི་འཛམ་གླིང་ནང་གི་གློག་ཀླད་ཀྱི་(Semiconductor) ཐོན་སྐྱེད་བྱེད་མཁན་གྱི་ལྟེ་གནས་གཙོ་བོ་ཞིག་ཡིན་པ་དང་། ཡོ་བྱད་དེ་ནི་དེང་དུས་ཀྱི་གློག་ཀླད་དང་ཁ་པར་ཙམ་མ་ཡིན་པ། དམག་དོན་གྱི་འཕྲུལ་ཆས་སོགས་ལ་ཡང་དགོས་མཁོ་ཆེན་པོ་ཆགས་ཀྱི་ཡོད་པ་བརྗོད་འདུག

རྒྱ་དམག་གིས་ཐའེ་ཝན་གྱི་བར་སྣང་དུ་རྒྱུན་དུ་དཔུང་སྟོབས་ངོམ་པ་དང་གླིང་ཕྲན་དེའི་སྲུང་སྐྱོབ་ཀྱི་རང་བཞིན་ལ་ཚོད་ལྟ་བྱེད་ཆེད་འཛུལ་གྱི་ཡོད་པ་དང་། ཐའེ་ཝན་གྱི་དམག་དཔུང་གིས་གླིང་ཕྲན་སྲུང་སྐྱོབ་ཀྱི་དམག་སྦྱོང་བྱས་ཏེ་དམག་འཐབ་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་པ་བརྗོད།

གནས་ཚུལ་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་གཅིག་གྱུར་བྱེད་རྒྱུ་ཡིན་མིན་ནི་དྲི་བ་ཞིག་མ་ཡིན་པ། ག་དུས་བྱེད་རྒྱུ་ཡིན་མིན་ནི་དྲི་བ་ཞིག་ཡིན་པ་མ་ཟད། རྒྱ་གཞུང་གིས་ཕྱི་འབྲེལ་བརྒྱུད་ནས་གཅིག་འགྱུར་བྱེད་རྒྱུ་ཡིན་ནམ། ཡང་ན། ཨ་རིའི་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུའི་འདུན་པ་ཡལ་ཟིན་པ་རེད་སྙམ་པའི་སྐབས་བཙན་འཛུལ་གྱིས་གཅིག་གྱུར་བྱེད་ཀྱི་རེད་དམ་སོགས་ཇི་ལྟར་གཅིག་གྱུར་བྱེད་རྒྱུ་ནི་ཛ་དྲག་ཆེ་བའི་དྲི་བ་ཞིག་ཡིན་པར་བརྗོད།

ཉེ་ཆར་Newsweek ཞེས་པའི་གསར་ཁང་གིས་གལ་སྲིད་ཊོམ་གྱིས་ཨ་རི་དམག་གི་ནང་ཞུགས་འདོད་བྱེད་ཀྱི་མེད་པ་ཡིན་ན། རྒྱ་ནག་གིས་དུས་ཚོད་དེ་ནི་ཐའེ་ཝན་ལ་བཙན་འཛུལ་བྱེད་དུས་ཤིག་ལ་རྩིས་ཀྱི་རེད་དམ་ཞེས་པའི་དྲི་བ་ཞིག་གནས་ཚུལ་དབྱེ་ཞིབ་པ་ཚོར་དྲིས་པར། ཡུན་སུང་(Yun Sun) ཟེར་བ་ཞིག་གིས་ཐའེ་ཝན་གྱི་གནད་དོན་ཐོག་རྒྱ་ནག་གི་འཆར་གཞི་དེ་ཕོ་བྲང་དཀར་པོའི་ནང་སུ་བསླེབས་ཡོད་མེད་ལ་རག་ལས་མེད་པ། གལ་ཏེ་རྒྱ་ནག་གིས་ཨ་རིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་སྲིད་པ་མཐོང་ན། དྲག་པོའི་དཔུང་ཤུགས་བེད་སྤྱོད་གཏོང་རྒྱུའི་འདོད་པ་ཆེ་རུ་འགྲོ་སྲིད། ཊོམ་སྲིད་འཛིན་དུ་འདེམས་ཐོན་བྱུང་བས། རྒྱ་ནག་གི་བསམ་བློའི་ནང་དུ་གནས་སྟངས་ཧ་ཅང་ཐབས་སྡུག་ཅིག་ཡོང་སྲིད་པར་མཐོང་བས། རྒྱ་ནག་གིས་དམག་འཐབ་བྱེད་རྒྱུར་ཤུགས་སྣོན་རྒྱག་སྲིད་པ་བརྗོད་འདུག

བྷོ་ནི་གྷི་ལཱ་སེར(Bonnie Glaser) ཟེར་བ་ཁོང་གིས་རྒྱ་དམག་ལ་དྲག་པོའི་ཐོག་ཐའེ་ཝན་ལེན་པའི་ནུས་པ་ཡོད་མེད་དང་། ཨ་རིས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུའི་སེམས་ཐག་བཅད་ཡོད་མེད། ཐའེ་ཝན་ལ་རང་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་མེད། ཞི་ཅིན་ཕིང་གི་བསམ་བློའི་ནང་། ཨ་རིའམ། ཡང་ན་ཐའེ་ཝན་གྱིས་ཞི་ཅིན་ཕིང་གི་དབང་ཆ་དང་དམར་ཤོག་ཚོགས་པར་ཉེན་ཁ་ཆེ་བའི་བྱ་སྤྱོད་སྤེལ་བཞིན་པ་འཁོར་ཡོད་མེད་སོགས། རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་མིན་གྱི་ཐག་གཅོད་དེ་རྒྱུ་རྐྱེན་མང་པོ་ཞིག་ལ་ཐུག་ཡོད་ཅེས་བརྗོད་འདུག

དེ་བཞིན་(Fudan) ཞེས་པའི་སློབ་གྲྭའི་དགེ་རྒན་ཆེན་མོ་བ་མིང་ཧོ་ཀྲའོ(Minghao Zhao) ཞེས་འབོད་པ་ཁོང་གིས་ཊོམ་གྱིས་ཐའེ་ཝན་མཚོ་འགག་ཁུལ་དུ་ཨ་རྒྱ་གཉིས་ཀྱི་བར་དམག་འཁྲུག་ལངས་པ་མཐོང་འདོད་བྱེད་ཀྱི་མེད་ན་ཡང་། རྒྱ་གཞུང་གིས་ཊོམ་དང་ཁོང་གི་རྒྱལ་ཁབ་བདེ་འཇགས་དཔོན་རིགས་དབར་གྱི་ཁྱད་པར་སེམས་ཁྲལ་བྱེད་ཀྱི་ཡོད་པ་དང་། ཊོམ་གྱི་དཔོན་རིགས་མང་པོས་རྒྱ་ནག་ལ་ལྟ་སྟངས་ལེགས་པོ་མེད་པ་མ་ཟད། ཐ་ན་ཐའེ་ཝན་ལ་གཞུང་འབྲེལ་ངོས་ལེན་ཆ་ཚང་སྤྲོད་དགོས་པའི་རྩོད་གླེང་ཡང་བྱེད་ཀྱི་ཡོད་པ། རྒྱ་ནག་གི་དམིགས་ཡུལ་གཙོ་བོ་ནི་ཐའེ་ཝན་རང་བཙན་འགོག་རྒྱུ་དེ་ཡིན་པ་ལས། དམག་གིས་ཡང་བསྐྱར་གཅིག་གྱུར་བཟོ་རྒྱུ་དེ་མིན་པ། དམག་གི་འགྲོ་གྲོན་ཧ་ཅང་ཆེ་བ་དང་ཐའེ་ཝན་མཚོ་འགག་ཁུལ་དུ་དམག་འཁྲུག་འགོ་འཛུགས་རྒྱུ་དེ་རྒྱ་ནག་གི་ཁེ་ཕན་དང་མཐུན་གྱི་མེད་ཅེས་དང་། ཊོམ་གྱི་དུས་ཡུན་གཉིས་པའི་སྐབས། ཚོང་དམག་གཉིས་པ་འབྱུང་སྲིད་པ་དང་དེས་ཨ་རྒྱའི་གྲོས་མོལ་ལ་འགོག་རྐྱེན་བཟོ་སྲིད་པ། ཊོམ་གྱི་སྲིད་འཛིན་དུས་ཡུན་དང་པོའི་སྐབས་ཕྱོགས་གཉིས་བར་གོ་ནོར་ཐེབས་པ་སོགས་ཀྱིས་འབྲེལ་ལམ་ཆད་གྲབས་བྱས་ཡོད་པ། གཞན་ཡང་། ཐའེ་ཝན་གྱི་སྲིད་འཛིན་ནི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཆབ་སྲིད་པ་ཞིག་ཡིན་པ་དང་། ཁོང་གིས་ཨ་རྒྱའི་འབྲེལ་བར་དཀའ་ངལ་བཟོ་སྲིད་པའི་ཕྱག་ལས་གནང་སྲིད་པ་རེད་ཅེས་བརྗོད་འདུག

ལའི་གྷོལ་ཌི་སི་ཊིན་(Lyle Goldstein) ཞེས་པ་ཁོང་གིས་སྤྱི་ཡོངས་ནས་ཨ་རིའི་སྲིད་འཛིན་གྱི་གཤིས་རྒྱུད་དམ་ཆབ་སྲིད་ཚོགས་པ་གང་ཡིན་རུང་རྒྱ་ནག་གི་བསམ་གཞིག་ལ་ཤུགས་རྐྱེན་ཆེན་པོ་མེད་པ་དང། རྒྱ་གཞུང་གིས་དུས་ཡུན་རིང་པོའི་གོང་ནས་ཨ་རིས་དམག་དོན་ཐེ་གཏོགས་བྱེད་སྲིད་པར་བརྩིས་ནས། དེའི་ཉེན་ཁར་གདོང་ལེན་བྱེད་ཆེད་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད་ཅེས་དང་། ཊོམ་གྱིས་ཉེ་ཆར་ཐའེ་ཝན་ལ་སྲུང་སྐྱོབ་བྱེད་མི་ཐུབ་པའམ། ཐ་ན་སྲུང་སྐྱོབ་བྱེད་མི་དགོས་པའི་བསམ་ཚུལ་ཡང་བཏོན་ཡོད་པས། ཊོམ་གྱི་སྲིད་གཞུང་སྐབས་སུ་པེ་ཅིང་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུའི་འདོད་པ་ཆེ་རུ་འགྲོ་སྲིད་རེད་ཅེས་བརྗོད་འདུག།

གཞན་ཡང་ཁོང་གིས་རྒྱ་ནག་གིས་ཐའེ་ཝན་གྱི་ཐོག་དམག་འཁྲུག་བྱེད་འདོད་མེད་པ་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ། གལ་ཏེ་ཊོམ་སྲིད་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དམ་པོར་བཟུང་ནས། ཐའེ་ཝན་ལ་དམག་མི་གཏོང་བའམ། ཐའེ་ཝན་དང་མཉམ་དུ་དམག་སྦྱོང་བྱེད་པ་ལྟ་བུར་འཛེམས་ན། རྒྱ་གཞུང་གིས་ད་ལྟའི་གནས་སྟངས་ཐོག་མུ་མཐུད་འགྲོ་རྒྱུ་རེད་ཅེས་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།

This will close in 0 seconds