ཊོམ་གྱི་སྲིད་འཛིན་དམ་འབུལ་ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་འགྲོ་རྒྱུ་ཡིན་པར་བརྗོད།

ཨ་རིའི་བདམས་ཐོན་སྲིད་འཛིན་ཊོམ་གྱི་དམ་འབུལ་མཛད་སྒོ་དེ་ཕྱི་ཟླ་༡ ཚེས༢༠ ཉིན་ཡིན་པར་བརྟེན། ལོ་སྔོན་མའི་ཕྱི་ཟླ་༡༡ ནང་ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སྐད་བཏང་ཡོད་འདུག་ཀྱང་། རྒྱ་ནག་གི་སྲིད་འཛིན་གཞོན་པ་ལས་ཞི་ཅིན་ཕིང་འགྲོ་རྒྱུ་ཡིན་མི་འདུག
ཕྱི་ཚེས་༡༧ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་ཨ་རིའི་བདམས་ཐོན་སྲིད་འཛིན་གྱི་དམ་འབུལ་ཡིན་འདུག་པར་བརྟེན། སྐབས་དེ་དུས་རྒྱ་ནག་གི་སྲིད་འཛིན་གཞོན་པ་(Han Zheng)ཧན་ཀྲེང་འགྲོ་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག་ལ། རྒྱ་ནག་གི་འགོ་ཁྲིད་མཐོ་གྲས་ཤིག་ཨ་རིའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ཡོང་བ་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་པ། དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་ནས་གསལ་བསྒྲགས་བྱས་ཡོད་འདུག ལོ་སྔོན་མའི་ཕྱི་ཟླ་༡༡ ནང་བདམས་ཐོན་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དམ་འབུལ་གྱི་མཛད་སྒོར་སྐད་བཏང་ཡོད་འདུག་ཀྱང་། དེ་རིང་ཞི་ཅིན་ཕིང་མི་ཡོང་རྒྱུ་ཐག་ཆོད་ཡོད་འདུག་པ་དང་། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་ནས་ང་ཚོ་ཨ་རི་དང་ལྷན་དུ་མ་འོངས་ལས་དོན་ཁག་མཉམ་རུབ་ཐོག་ནས་བྱེད་རྒྱུའི་གྲ་སྒྲིག་ཡིན་ཚུལ་དང་། དེ་ཡང་ཕྱོགས་གཉིས་ཀའི་ཁེ་ཕན་དང་། བརྟན་ལྷིང་། ནུས་པ་ལྡན་པའི་ཐོག་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཞིག་འཛུགས་རྒྱུའི་གྲ་སྒྲིག་ཡིན་པར་བརྗོད་འདུག
པེ་ཅིན་དུ་ཡོད་པའི་(Renmin)གཙུག་ལག་སློབ་ཆེན་གྱི་སློབ་དཔོན་(Diao Daming)ཟེར་བ་ཞིག་གིས་བརྗོད་དོན་ལ། ཐེངས་འདིར་རྒྱ་ནག་གིས་གནད་ཡོད་མི་སྣ་ཞིག་གཏོང་འཆར་བྱེད་པ་ནི་ཨ་རྒྱ་གཉིས་བར་འབྲེལ་ལམ་བརྟན་པོ་ཞིག་ཡོང་ཐབས་ཀྱི་ཆེད་དུ་འབད་རྩོན་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་ཨ་རྒྱ་གཉིས་བར་འབྲེལ་ལམ་ལ་དོ་ཕོག་མི་ཡོང་བའི་ཆེད་དུ་ཐོག་མ་ཉིད་ནས་སྐུ་ཚབ་མཐོ་གྲས་ཤིག་བཏང་ནས་འབྲེལ་ལམ་བཟང་པོ་ཡོང་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག བདམས་ཐོན་སྲིད་འཛིན་ཊོམ་གྱིས་དེ་སྔོན་བརྗོད་དོན་ལ་གལ་སྲིད་ཁོང་སྲིད་འཛིན་ཆགས་ཚེ་རྒྱ་ནག་གི་དངོས་ཟོག་ཐོག་དཔྱ་ཁྲལ་བརྒྱ་ཆ་༦༠ འགེལ་རྒྱུ་ཡིན་པར་བརྗོད་ཡོད་པ་དང་། འོན་ཀྱང་། ཟླ་བ་འདིའི་ནང་ཊོམ་གྱིས་རྒྱ་ནག་དང་ཨ་རི་གཉིས་བར་མ་འོངས་པར་འབྲེལ་ལམ་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག
དེ་བཞིན་ཞི་ཅིན་ཕིང་གིས་རྒྱ་ནག་གི་ངོས་ནས་ཨ་རི་དང་ལྷན་དུ་གྲོས་མོལ་བྱས་ནས་འབྲེལ་ལམ་ཡག་པོ་ཞིག་འཛུགས་རྒྱུར་འདོད་པ་ཡོད་པ་ལས། དཔྱ་ཁྲལ་འགེལ་རྒྱུའི་ཉེན་བརྡ་བཏང་ན་ཕྱོགས་གཉིས་ཀ་ལ་ཁེ་ཕན་ཡོད་པ་མ་རེད་ཅེས་བཤད་ཡོད་པར་བརྗོད་འདུག་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)ཝང་ཡི་ཡིས་རྒྱ་ནག་དང་ཨ་རི་གཉིས་མཉམ་འབྲེལ་བྱས་ན་མ་འོངས་ལས་དོན་ཆེན་པོ་མང་པོ་ཞིག་འགྲུབ་རྒྱུའི་རེ་བ་ཆེན་པོ་ཡོད་པར་བརྗོད་འདུག
སྲིད་དོན་ཉམས་ཞིབ་པ་ཚོས་བརྗོད་དོན་ལ། ཊོམ་སྲིད་འཛིན་ཆགས་པ་ནས་ཉིན་༡༠༠ ནང་རྒྱ་ནག་གཞུང་ངོས་ནས་ཨ་རི་དང་ལྷན་དུ་འབྲེལ་བ་བཟང་པོ་ཞིག་འཛུགས་རྒྱུའི་གོ་སྐབས་ཡོད་པར་བརྟེན། རྒྱ་ནག་གི་ངོས་ནས་གོ་སྐབས་དེ་འཛིན་རྒྱུར་གལ་ཆེན་ཡིན་པར་བརྗོད་འདུག སྤྱིར་བཏང་རྒྱལ་ཁབ་གཅིག་གི་སྲིད་འཛིན་དང་སྲིད་བློན་གྱི་དམ་འབུལ་ཉིན་རྒྱལ་ཁབ་གང་ཞིག་གི་ཕྱི་འབྲེལ་གྱི་འགོ་ཁྲིད་ལས་རྒྱལ་ཁབ་ཀྱི་འགོ་ཁྲིད་མཐོ་ཤོས་དེ་ཡོང་རྒྱུའི་ལུགས་སྲོལ་མེད་ཀྱང་། འདི་ལོ་ཨ་རིའི་བདམས་ཐོན་སྲིད་འཛིན་ཊོམ་གྱི་དམ་འབུལ་ཉིན་ཨི་ཊ་ལིའི་སྲིད་བློན་(Giorgia Meloni)་དང་ཨར་ཇེན་ཌི་ནའི་སྲིད་འཛིན་(Javier Milei)་གཉིས་ཡོང་རྒྱུ་ཡིན་འདུག་ལ། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཕྱི་སྲིད་བློན་ཆེན་སོགས་གནད་ཡོད་མི་སྣ་མང་པོ་ཡོང་རྒྱུ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།