ཊོམ་གྱིས་ཁེ་ན་ཌ་སོགས་ཀྱི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥ སྤར་རྒྱུ་ཁས་ལེན་བྱས།

ཊོམ་གྱིས་ཁེ་ན་ཌ་དང་མེག་སི་ཀོ་བཅས་ནས་ནང་འདྲེན་བྱེད་རྒྱུའི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༢༥% སྤར་རྒྱུ་དང་། རྒྱ་ནག་ནས་ནང་འདྲེན་བྱེད་རྒྱུའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠% འཕར་མ་སྤར་རྒྱུ་ཁས་ལེན་བྱས་ཡོད་འདུག

པར། ཧིན་དྷུ་སི་ཐན་དུས་བབ།

ཟླ་འདིའི་ཚེས་༢༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་བདམས་ཐོན་སྲིད་འཛིན་ཊོམ་གྱིས་རྒྱ་ནག་ནས་ནང་འདྲེན་བྱེད་རྒྱུའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠% འཕར་མ་སྤར་རྒྱུ་དང་། ཁེ་ན་ཌ་དང་མེག་སི་ཀོ་ནས་ནང་འདྲེན་བྱེད་རྒྱུའི་དངོས་ཟོག་དག་ལ་སྒོ་ཁྲལ་བརྒྱ་ཆ་༢༥% སྤར་རྒྱུ་ཁས་ལེན་བྱས་ཡོད་འདུག
ཊོམ་གྱིས་ངས་རྒྱ་ནག་དང་ལྷན་དུ་མྱོས་རྫས་འབོར་ཆེན་ཨ་རིར་གཏོང་བཞིན་པའི་ཐོག་ལ་གྲོས་མོལ་ཐེངས་མང་བྱས་ཀྱང་གྲུབ་འབྲས་གང་ཡང་མ་བྱུང་ཞེས་དང་། ཁ་ཆད་བྱས་པ་ལྟར་རྒྱ་གཞུང་གིས་མྱོས་རྫས་ཚོང་པ་ཚོར་སྲོག་ཁྲིམས་བཅད་མེད་ཅེས་བརྗོད་ནས། དངོས་ཟོག་གི་སྒོ་ཁྲལ་སྤར་དགོས་པའི་རྒྱུ་མཚན་གཙོ་བོ་ནི་མེག་སི་ཀོ་དང་ཁེ་ན་ཌ་བརྒྱུད་ཨ་རི་ལ་ཁྲིམས་འགལ་གྱི་གཞིས་སྤོས་བྱེད་མཁན་མང་བ་དང་། མྱོས་རྫས་ཚོང་ལས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པར་བརྟེན། དཀའ་ངལ་དེ་དག་གིས་ཨ་རིར་བཙན་འཛུལ་བྱེད་མཚམས་མ་བཞག་བར་སྒོ་ཁྲལ་འགལ་རྒྱུ་ཡིན་པར་བརྗོད་འདུག
ཨ་རིའི་ནང་མྱོ་རྫས་སྤྱོད་མཁན་མང་བ་མ་ཟད། ལོ་གཅིག་གི་ནང་མྱོས་རྫས་ལ་ངན་གོམས་ཤོར་ནས་ཚེ་སྲོག་ཤོར་མཁན་ཁྲི་ཁྲག་མང་པོ་འབྱུང་གི་ཡོད་པ་མ་ཟད། ཕྱི་ལོ་༢༠༢༣ ཟླ་༡༠ ནས་ཕྱི་ལོ་༢༠༢༤ ཟླ་༩ པའི་བར་ས་མཚམས་སྲུང་དམག་གིས་ཁེ་ན་ཌ་ནས་ཨ་རིར་ཡོང་མཁན་༢༣༧༢༡ འཛིན་བཟུང་བྱས་ཤིང་། དེ་སྔོན་གྱི་ལོ་དེར་མི་གྲངས་༡༠༠༢༡ འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས་མི་༡༤༠༠༠ རྒྱ་གར་བ་ཆགས་ཡོད་འདུག་པ་དང་། འདས་པའི་ལོ་ངོ་གཉིས་ཀྱི་རིང་ཁེ་ན་ཌ་ནས་ཨ་རི་ལ་འགྲོ་མཁན་མང་དུ་འགྲོ་བཞིན་ཡོད་འདུག

རྒྱ་ནག་དང་ཁེ་ན་ཌ། མེག་སི་ཀོ་གསུམ་ནི་ཨ་རིའི་ཚོང་ཤག་ཆེ་ཤོས་ཀྱི་རྒྱལ་ཁབ་གསུམ་ཆགས་ཀྱི་ཡོད་པ་མ་ཟད། ཨ་རི་ནི་འཛམ་གླིང་ནང་གི་དངོས་ཟོག་ནང་འདྲེན་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད་པར་བརྟེན། གལ་སྲིད་ཊོམ་གྱིས་རྒྱལ་ཁབ་དེ་དག་ནས་ནང་འདྲེན་བྱེད་རྒྱུའི་དངོས་ཟོག་ཐོག་སྒོ་ཁྲལ་སྤར་ན། ཨ་རིའི་ནང་གི་དངོས་ཟོག་དག་གི་རིན་གོང་ཇེ་ཆེར་ཕྱིན་ནས་མི་མང་ལ་དཀའ་ངལ་འཕྲད་རྒྱུ་ཙམ་མ་ཟད། ཁེ་ན་ཌ་དང་མེག་སི་ཀོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལ་ཡང་དོ་ཕོག་འགྲོ་སྲིད་པ་རེད་འདུག ལྷག་པར་དུ་ཁེ་ན་ཌས་ཕྱིར་འདྲེན་གྱི་དངོས་ཟོག་བརྒྱ་ཆ་༧༥% ཨ་རི་ལ་གཏོང་གི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།

This will close in 0 seconds