ཊོམ་གྱིས་ཁྲིམས་མཐུན་ཡིག་ཆ་མེད་མཁན་སུ་ཕྱིར་འབུད་གཏོང་སྲིད་དམ།

ཨ་རིའི་སྲིད་འཛིན་ཊོམ་གྱིས་མ་འོངས་པར་ཁོང་སྲིད་འཛིན་དམ་འབུལ་བྱས་པའི་ཉིན་དང་པོར། ཨ་རིའི་ནང་ཁྲིམས་འགལ་ཐོག་ནས་ཡོང་བའི་ཕྱི་མི་སྐྱབས་བཅོལ་བ་ཕོན་ཆེན་ཞིག་ཕྱིར་འབུད་བྱེད་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་བཞིན། ད་ཆར་ཨ་རིའི་ནང་ཡོད་པའི་སྐྱབས་བཅོལ་བ་ཁྲིམས་མཐུན་གྱི་ཡིག་ཆ་མེད་མཁན་མང་པོ་ཞིག་མ་འོངས་པར་ཁོང་ཚོ་ཕྱིར་འབུད་གཏོང་མིན་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

པར། བྷི་བྷི་སི།

ཕྱི་ཚེས་ ༡༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་བྷོ་ལི་ཝི་ཡ་ནས་ཡིན་པའི་མི་སེར་ས་ཡ་ ༡༣ ཙམ་ཁྲིམས་འགལ་ཐོག་ནས་ཨ་རིའི་ནང་ཡོང་སྟེ་ད་ལྟ་གནས་སྡོད་བྱེད་བཞིན་ཡོད་འདུག་ཅིང་། ཁོང་ཚོ་ལོ་བཅུ་ཕྲག་འགའ་ཤས་སྔོན་ནས་ཨ་རིའི་ནང་ཡོང་ཡོད་འདུག དེ་དུས་ཁོང་ཚོ་ཁྲིམས་མཐུན་ཡིག་ཆ་མེད་པར་དོས་སྐྱེལ་རླངས་འཁོར་སོགས་ཀྱི་ནང་དུ་འཛུལ་ནས་ཡོང་ཡོད་པར་བརྟེན། ད་ཆར་ཊོམ་གྱིས་མ་འོངས་པར་ཁོང་སྲིད་འཛིན་དམ་འབུལ་བྱས་པའི་ཉིན་དང་པོར། ཁྲིམས་མཐུན་ཡིག་ཆ་མེད་པའི་ཕྱི་མི་སྐྱབས་བཅོལ་བ་ཕོན་ཆེན་པོ་ཞིག་ཕྱིར་འབུད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་རྐྱེན་གྱིས། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷོ་ལི་ཝི་ཡ་ནས་ཡིན་པའི་མི་སེར་ས་ཡ་ ༡༣ ཙམ་ཁྲིམས་འགལ་ཐོག་ནས་ཨ་རིའི་ནང་ད་ལྟ་གནས་སྡོད་བྱེད་བཞིན་པ་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག་ལ། ཁོང་ཚོས་སྤྱི་ཚོགས་དྲ་ལམ་ཐོག་གནད་དོན་དེའི་སྐོར་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག
འོན་ཀྱང་། ཁྲིམས་མཐུན་ཡིག་ཆ་མེད་པའི་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་དེ་སྔོན་ཨ་རིའི་སྲིད་འཛིན་གཞན་གྱིས་ཀྱང་ཕྱིར་འབུད་བཏང་མྱོང་ཡོད་འདུག དཔེར་ན། སྲིད་འཛིན་བྷ་ཌན་གྱི་དུས་སུ་ཁྲིམས་མཐུན་ཡིག་ཆ་མེད་མཁན་སྐྱབས་བཅོལ་བ་ས་ཡ་ ༡.༥ ཙམ་ཕྱིར་འབུད་བཏང་ཡོད་འདུག་ལ། དེ་བཞིན་ཏོག་དབྱིབས་ནད་ཡམས་སྐབས་སུ་ཕྱི་མི་ས་ཡ་འགའ་ཤས་ས་མཚམས་ནས་ཕྱིར་འབུད་བཏང་ཡོད་འདུག སྲིད་འཛིན་ཟུར་པ་ཨོ་བྷ་མས་སྲིད་འཛིན་ལོ་བརྒྱད་བྱས་པའི་རིང་ཁྱོན་ཕྱི་མི་ས་ཡ་ ༣ ཙམ་ཕྱིར་འབུད་བཏང་ཡོད་འདུག་པ་དང་། ལྷག་ཏུ་མེཀ་སི་ཀོ་ནས་ཡིན་པའི་ཕྱི་མི་ཕོན་ཆེན་པོ་ཞིག་ཕྱིར་འབུད་བཏང་ཡོད་འདུག
ད་ཆར་ཊོམ་གྱིས་མ་འོངས་པར་སྐྱབས་བཅོལ་བ་མང་པོ་ཞིག་ཕྱིར་འབུད་བྱེད་རྒྱུ་ཡིན་ཚུལ་རྗོད་ཀྱི་ཡོད་པར་བརྟེན། ཨ་རིའི་སྲིད་དོན་ཚོགས་པ་གང་གི་ཁོངས་སུའང་མེད་པའི་ཕྱི་མི་གནང་སྤྲོད་ལྷན་ཚོགས་ཞེས་པ་ཞིག་གིས་ཞིབ་འཇུག་བྱས་ནས་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་། ད་ལྟ་ཨ་རིའི་ནང་ཕ་མ་གཉིས་ཀ་ཨ་རིའི་མི་སེར་མིན་ཡང་། ཕྲུ་གུ་ཨ་རིའི་མི་སེར་ཡིན་མཁན་ས་ཡ་ལྔ་ཡོད་པར་བརྗོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་མ་འོངས་པར་ཁྲིམས་མཐུན་ཡིག་ཆ་མེད་མཁན་ཚོར་གཅིག་བྱས་ན་ཊོམ་གྱི་སྐབས་སུ་དཔལ་འབྱོར་ཡར་རྒྱས་སྔར་ལས་ཡག་ཏུ་ཕྱིན་ནས་ཡིག་ཆ་མེད་མཁན་ཚོར་ཡིག་ཆ་གང་མགྱོགས་རོགས་རམ་བྱེད་རྒྱུའི་རེ་བ་ཡོད་སྲིད་པ་དང་། ཕྱོགས་གཞན་ཞིག་ནི་གོང་གསལ་མི་མང་ཚོ་ཕྱིར་འབུད་གཏོང་སྲིད་ཅིང་། ཕ་མ་དང་བྱིས་པ་ཁ་བྲལ་འགྲོ་སྲིད་སྐོར་ཡང་བརྗོད་ཡོད་འདུག
ད་ཆར་ཨ་རིའི་ནང་ཁྲིམས་མཐུན་ཡིག་ཆ་མེད་མཁན་ཚོས་མ་འོངས་པར་ཨ་རིའི་ནང་མུ་མཐུད་ནས་གནས་སྡོད་ཐུབ་ཐབས་སུ་ཁྲིམས་འགལ་གྱི་བྱ་སྤྱོད་མི་སྤེལ་བ་དང་། ཚུལ་མཐུན་བྱས་ནས་སྡོད་རྒྱུ་དེ་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་བཞིན་འདུག རྒྱུ་མཚན་ནི་མ་འོངས་པར་ཊོམ་སྲིད་འཛིན་གྱི་ལས་ཀ་འགོ་འཛུགས་དུས་ཨ་རིའི་ནང་ཡོད་པའི་ཁྲིམས་འགལ་གྱི་ནག་ཉེས་ཕོག་པའི་སྐྱབས་བཅོལ་བ་ཡིག་ཆ་མེད་མཁན་ཚོ་ཕྱིར་འབུད་གཏོང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
འོན་ཀྱང་། སྐྱབས་བཅོལ་བའི་ཡིག་ཆ་དང་འབྲེལ་བའི་ཁྲིམས་རྩོད་པ་དང་། གཞུང་གི་ལས་བྱེད་ཚོས་བརྗོད་དོན་ལ། ཊོམ་གྱིས་ཁྲིམས་མཐུན་ཡིག་ཆ་མེད་མཁན་སྐྱབས་བཅོལ་བ་ས་ཡ་གཅིག་ལྷག་ཙམ་ཞིག་ཕྱིར་འབུད་གཏོང་སྲིད་པ་དང་། དེ་ཡང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཁག་ནས་ཡོང་མཁན་ཚོ་ཕྱིར་འབུད་མང་བ་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། དེའི་རྒྱུ་མཚན་ནི་དེ་སྔོན་སྲིད་འཛིན་གཞན་གྱི་སྐབས་སུ་ཡང་རྒྱལ་ཁབ་དེ་དག་ནས་ཡོང་མཁན་མང་པོ་ཞིག་ཕྱིར་འབུད་བྱས་ཡོད་འདུག
ཡིན་ན་ཡང་ཨ་རིའི་ནང་ཡོད་པའི་སྐྱབས་བཅོལ་བ་མང་པོ་ཞིག་གིས་ཨ་རིའི་ཞིང་ལས་དང་བཟོ་ལས་སོགས་ནང་ལས་ཀ་བྱེད་ཡོད་པར་བརྟེན། ཕྱི་མི་ཕོན་ཆེན་པོ་དེ་ལྟར་ཕྱིར་འབུད་བཏང་ན་ཨ་རིའི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཕོག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds