ཊོམ་གྱིས་གལ་སྲིད་དམག་འཁྲུག་མཚམས་མ་བཞག་ཚེ་ཨུ་རུ་སུ་དང་དམག་འཁྲུག་ནང་ཞུགས་མཁན་རྒྱལ་ཁབ་རྣམས་ཀྱི་ཚོང་ཟོག་ལ་སྒོ་ཁྲལ་འགེལ་རྒྱུ་བརྗོད།

ཊོམ་གྱིས་སྲིད་འཛིན་དམ་འབུལ་སྐབས་བཀའ་རྒྱ་མང་དག་ཅིག་ལ་མཚན་རྟགས་བཀོད་པ་ལྟར། ལྷོ་ཕྱོགས་ས་མཚམས་སུ་དམག་མི་ཆིག་སྟོང་ལྷག་བཏང་ཟིན་པ་མ་ཟད། དེ་སྔར་གྲོས་ཚོགས་ཁང་དུ་གཏོར་རྒོལ་བྱེད་མཁན་ཁོང་གི་རྒྱབ་སྐྱོར་བ་ཉིས་བརྒྱ་ལྷག་གློད་བཀྲོལ་བཏང་། གལ་སྲིད་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་མ་བཞག་ཚེ། ཁོང་གིས་ཨུ་རུ་སུ་དང་དམག་འཁྲུག་ནང་ཞུགས་མཁན་རྒྱལ་ཁབ་ཁག་གི་ཚོང་ཟོག་ལ་སྒོ་ཁྲལ་དང་ཉེས་ཆད་གཅོད་རྒྱུ་ཡིན་པ་སོགས་བརྗོད་འདུག

པར། བྷི་བྷི་སི།

ཟླ་འདིའི་ཚེས་༢༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན།  སྲིད་འཛིན་ཊོམ་གྱིས་དམ་འབུལ་སྐབས། ལྷོ་རྒྱུད་མཐའ་མཚམས་སྲུང་སྐྱོབ་དང་གཞིས་སྤོའི་གནོད་འཚེ་འགོག་ཆེད་དམག་དཔུང་མངགས་གཏོང་བྱ་རྒྱུ་ཡིན་ཞེས་བརྗོད་པ་ལྟར། ད་ལྟ་ས་མཚམས་ཁུལ་དུ་དམག་མི་༡༥༠༠ བཏང་ཟིན་ཡང་། མ་འོངས་པར་ཁྱོན་བསྡོམས་དམག་མི་ཁྲི་གཅིག་ཙམ་གཏོང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༢༡ ཟླ་༡ ཚེས་༦ ཉིན་ཨ་རིའི་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱེད་མཁན་མི་གྲངས་༡༥༠༠ ཙམ་གྱི་ཉེས་པ་གུ་ཡོངས་གཏོང་རྒྱུའི་བཀའ་རྒྱ་མཚན་རྟགས་བཀོད་རྗེས། རེས་གཟའ་མིག་དམར་ཉིན་བཙོན་ཁང་ནས་མི་གྲངས་༢༡༡ གློད་བཀྲོལ་བཏང་ཡོད་འདུག

ཊོམ་གྱིས་དེ་སྔར་ཆུ་ཚོད་༢༤ ནང་ར་ཡུའི་དམག་འཁྲུག་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་མྱོང་ཡོད་པ་བཞིན། བདུན་འདིའི་རེས་གཟའ་ལྷག་པའི་ཉིན། ཁོང་གིས་སྤྱི་ཚོགས་དྲྭ་རྒྱ་(Truth Socia network) ཞེས་པའི་སྟེང་། ངས་ཨུ་རུ་སུ་ལ་གནོད་སྐྱེལ་འདོད་མེད་ལ་ཨུ་རུ་སུའི་མི་དམངས་ལ་དགའ་བོ་ཡང་ཡོད། རྒྱུན་དུ་སྲིད་འཛིན་པུ་ཊིན་དང་འབྲེལ་བ་བཟང་པོ་ཡོད། ང་ཚོས་ནམ་ཡང་ཨུ་རུ་སུའི་རོགས་རམ་འོག་དམག་ཆེན་གཉིས་པའི་ཁྲོད་རྒྱལ་ཁ་ཐོབ་པ་དང་བརྒྱུད་རིམ་དེའི་ནང་མི་ས་ཡ་༦༠ ཙམ་རྐྱེན་འདས་སུ་ཕྱིན་པ་བརྗེད་མི་རུང་ཞེས་དང་། ངས་སྲིད་འཛིན་པུ་ཌིན་དང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པའི་ཨུ་རུ་སུ་ལ་རོགས་ཤིག་བྱེད་འདོད་ཡོད། སྐྱུག་བྲོ་བའི་དམག་འཁྲུག་འདི་མཚམས་འཇོག་བྱོས། ང་ཚོས་གང་མགྱོགས་མཚམས་འཇོག་མ་བྱས་ན། དེ་སྡུག་ཏུ་འགྲོ་རྒྱུ་ལས་མེད། གལ་སྲིད་གྲོས་མཐུན་མ་བཞག་ན། ཨུ་རུ་སུ་དང་དམག་འཁྲུག་ནང་ཞུགས་མཁན་རྒྱལ་ཁབ་གཞན་གྱིས་ཨ་རི་ལ་འཚོང་བཞིན་པའི་ཚོང་ཟོག་ཐོག་ཚོང་ཁྲལ་དང་སྒོ་ཁྲལ། ཉེས་ཆད་ལྗིད་པོ་གཅོད་རྒྱུ་ལས་ང་ལ་གདམ་ཀ་གཞན་མི་འདུག་ཅེས་བྲིས་ནས་སྤེལ་འདུག

གཞན་ཡང་། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་པེ་རི་སིའི་གྲོས་མཐུན་ལས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་ཐེངས་གཉིས་པ་བྱས་རྗེས། ཕྱི་ཚེས་༢༣ ཉིན་ཨ་རའི་ཕྱུག་བདག་དང་ཆབ་སྲིད་པ། མཡི་ཁེལ་བྷ་ལུམ་བྷག་(Michael Boomberg) གིས་རྒྱལ་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཐོག་འགྲོ་གྲོན་ཆ་ཚང་གཏོང་ཐུབ་པའི་ཆེད། ཁོང་རང་ཉིད་ཀྱི་ཐེབས་རྩ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལས་ཁུངས་ལ་འགྲོ་གྲོན་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག

གཞན་ཡང་ཨ་རིའི་སྲིད་གཞུང་གིས་ཕོ་མོ་གཉིས་ཁོ་ན་ལས་ཁས་ལེན་མི་བྱེད་པའི་ཁྱབ་བསྒྲགས་བྱ་རྒྱུ་དང་། མོ་ཞི་ཁོའི་མཚོ་ཁུག་ཅེས་པའི་མིང་དེ་ཨ་རིའི་མཚོ་ཁུག་ཅེས་པར་བསྒྱུར་རྒྱུ། དེ་བཞིན་ཨ་རིའི་མངའ་ཁོངས་རྒྱ་བསྐྱེད་ནས་ཨ་རིའི་རྒྱལ་དར་ས་ངོས་སྙོམས་ཐིག་གསར་པའི་སྟེང་འཛུགས་རྒྱུ་དང་། ཨ་རིའི་མཁའ་སྐྱོད་པ་སྐར་མ་མིག་དམར་སྟེང་བསྐྱལ་རྒྱུ་བཅས་ཚུད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།