ཊོམ་གྱིས་ཆེས་མཐའ་མའི་སྲིད་འཛིན་གྱི་གཏམ་བཤད་སྤེལ་འདུག
ཨ་རིའི་སྲིད་འཛིན་ཐེངས་༤༥ པ་ཌོ་ནལ་ཊོམ་གྱིས་སྲིད་འཛིན་ལས་ཡུན་གྱི་ཉིན་མཐའ་མའི་ཉིན། གཏམ་བཤད་ཀྱི་བརྙན་ཐུང་ཞིག་དྲ་ཐོག་ཏུ་སྤེལ་འདུག་པ་དང་། ཁོང་གིས་སྲིད་གཞུང་གསར་པར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད་སྐོར་བརྗོད་འདུག་འོན་ཀྱང་། ཁོང་དམ་འབུལ་མཛད་སྒོར་མཉམ་ཞུགས་བྱེད་འཆར་མེད་འདུག
ཟླ་༡ པོའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༩ ཉིན་ཡུ་ཊོབ་དྲ་ལམ་ཐོག་ཏུ་སྲིད་འཛིན་ཊོམ་གྱིས་ཆེས་མཐའ་མའི་སྲིད་འཛིན་གྱི་གཏམ་བཤད་སྤེལ་འདུག་པ་དང་། སྐབས་དེར་ཁོང་གིས་རང་ཉིད་ཀྱི་ལས་ཡུན་སྐབས་སུ་གྲུབ་འབྲས་ཐོན་པའི་བྱ་གཞག་སྐོར་འགྲེལ་བཤད་བྱས་པ་དང་། སྲིད་གཞུང་གསར་པ་དེར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད་སྐོར་བརྗོད་པ་ལས། རྗོ་བྷའེ་ཌན་མིང་འདོན་བྱས་མི་འདུག
ཁོང་གིས་འདས་པའི་ལོ་བཞིའི་རིང་ཨ་རིའི་མི་མང་གི་ཆེད་དུ་ལས་ཀ་ཧུར་ཐག་བྱས་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་དང་དམག་གསར་པ་གང་ཡང་འགོ་འཛུགས་བྱས་མེད། དེ་བཞིན་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་པོ་བཟུང་ཡོད་པ། ཨ་རིའི་དཔལ་འབྱོར་བསྐྱར་དུ་གོང་འཕེལ་བཏང་ཡོད་སྐོར་སོགས་བརྗོད་འདུག
ཟླ་འདིའི་འགོ་སྟོད་དུ་ཨ་རིའི་གྲོས་ཚོགས་སུ་དྲག་རྒོལ་བྱས་པའི་གནད་དོན་དང་འབྲེལ་ནས་ཁོང་གིས། ཨ་རིའི་མི་མང་ཚང་མ་གྲོས་ཚོགས་སུ་བྱུང་བའི་དྲག་རྒོལ་ལ་ཞེད་སྣང་སྐྱེས་ཡོད་པ་དང་། ཆབ་སྲིད་ཀྱི་དྲག་སྤྱོད་ནི་ཨ་རིའི་མི་མང་གིས་གཅེས་འཛིན་བྱེད་བཞིན་པའི་རིན་ཐང་གི་ལྟ་བ་ཚང་མར་དྲག་རྒོལ་བྱས་པ་ཞིག་ཡིན་པས། དེ་རིགས་ལ་བཟོད་སྲན་བྱེད་ཐབས་བྲལ་བ་ཡིན་སྐོར་བརྗོད་འདུག འོན་ཀྱང་ཁོང་གིས་ཉེ་ཆར་གྲོས་ཚོགས་འོག་མས་གྲོས་ཚོགས་སུ་དྲག་རྒོལ་དེ་བརྒྱུད་སྐུལ་བྱེད་མཁན་སྲིད་འཛིན་ཊོམ་ཡིན་པ་ཉེས་འཛུགས་བྱས་ཡོད་པ་དང་། མ་འོངས་པར་གྲོས་ཚོགས་གོང་མའི་ནང་ཁོང་ལ་ཁྲིམས་ཞིབ་བྱེད་རྒྱུ་ཡིན་པའི་སྐོར་ལ་གང་ཡང་བརྗོད་མི་འདུག སྲིད་འཛིན་ཊོམ་གྱིས་ད་དུང་ཡང་སྲིད་འཛིན་གྱི་འོས་བསྡུའི་ཕམ་ཁར་ངོས་ལེན་བྱས་མེད་པ་རེད།
དེ་བཞིན་སྲིད་འཛིན་ཊོམ་གྱིས་ལས་ཡུན་མ་རྫོགས་པའི་སྔོན་དུ། མི་སྣ་༡༠༠ ལྷག་ལ་ཉེས་པ་ཆག་ཡང་གཏོང་འཆར་ཡོད་པ་རེད་འདུག
ལོ་སྔོན་མའི་ཟླ་༡༡ ཚེས་༣ ཉིན་གྱི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་གྲུབ་འབྲས་སུ། མང་གཙོ་ཚོགས་པའི་འོས་མི་རྗོ་བྷའེ་ཌན་ལ་དབུས་འོས་བསྡུ་ལྷན་ཚོགས་ཀྱི་འོས་གྲངས་མང་བ་བྱུང་ནས་རྒྱལ་ཁ་ཐོབ་ན་ཡང་། ལས་ཐོག་སྲིད་འཛིན་ཊོམ་གྱིས་འོས་བསྡུ་དེའི་ནང་གཡོ་བྱུས་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་བྱུང་ཡོད་སྐོར་བརྗོད་དེ་ཁས་ལེན་མ་བྱས་པའི་ཁར། གལ་གནད་ཀྱི་མངའ་སྡེ་ཁག་ལ་ཁྲིམས་གཏུག་གིས་འོས་བསྡུའི་མཇུག་འབྲས་འགྱུར་བ་གཏོང་རྒྱུར་འབད་བརྩོན་བྱས་ཡོད་རུང་། འོས་བསྡུའི་ནང་གཡོ་བྱུས་བཤམས་པའི་དཔང་རྟགས་གསལ་པོ་ཞིག་སྟོན་མ་ཐུབ་པར་བརྟེན། ཕྱི་ཟླ་༡༢ པའི་ཨ་རིའི་ཚེས་༡༤ ཉིན་དབུས་འོས་བསྡུ་ལྷན་ཚོགས་ནས་འོས་བསྡུའི་རྒྱལ་ཁ་ཐོབ་མཁན་དེ་བྷ་ཌན་ཡིན་པའི་ཁྱབ་བསྒྲགས་བྱས་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱིས་ཀྱང་རྗོ་བྷའེ་ཌན་ལ་རྒྱལ་ཁ་ཐོབ་པར་ངོས་འཛིན་རྒྱབ་སྐྱོར་བྱས་ཡོད་པ་རེད་དེ། སྲིད་འཛིན་ཊོམ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ད་དུང་ཡང་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱས་མེད་ཁར། མི་མང་ཚོས་ནང་འོས་བསྡུའི་གྲུབ་འབྲས་དེ་དྲང་བདེན་མིན་པར་ངོས་འཛིན་བྱེད་མཁན་ཡང་མང་པོ་ཡོད་འདུག དེ་བཞིན་སྲིད་འཛིན་ཊོམ་གྱིས་རྗོ་བྷའེ་ཌན་གྱི་སྲིད་འཛིན་དམ་འབུམ་མཛད་སྒོར་མཉམ་ཞུགས་བྱེད་འཆར་མེད་འདུག་པས། དེ་ནི་ཨ་རིའི་ལོ་རྒྱུས་ནང་ལས་ཁུར་འཁྱུར་མཁན་གྱི་སྲིད་འཛིན་ཞིག་གིས་སྲིད་འཛིན་གསར་པའི་དམ་འབུམ་མཛད་སྒོར་མཉམ་ཞུགས་མ་བྱས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།