ཊོམ་གྱིས་བྷི་རི་སི་ཚོགས་ཁོངས་ཀྱི་རྒྱལ་ཁབ་ཁག་ལ་སྒོ་ཁྲལ་བརྒྱ་ཆ་༡༠༠% སྤར་རྒྱུའི་སྡིགས་ར་བསྐུལ།
ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱིས་བྷི་རི་སི་ཞེས་པའི་ཚོགས་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གིས་ཚོང་འབྲེལ་ནང་དུ་ཨ་རིའི་སྒོར་མོ་བེད་སྤྱོད་མ་བཏང་བ་དང་། སྒོར་མོ་གསར་པ་ཞིག་བཟོ་བའམ། སྒོར་མོ་གཞན་ཞིག་ལ་རྒྱབ་སྐྱོར་བྱས་ཚེ། ཊོམ་གྱིས་རྒྱལ་ཁབ་དེ་དག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་བརྒྱ་འགེལ་རྒྱུ་ཡིན་ཞེས་བརྗོད་ནས་སྡིགས་ར་བསྐུལ་འདུག
ཨ་རིའི་ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༡༡ ཚེས་༣༠ ཉིན་ཨ་རིའི་བདམས་ཐོན་སྲིད་འཛིན་ཊོམ་གྱིས་བྷི་རི་སི་(BRICS) ཞེས་པའི་ཚོགས་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གིས་ཚོང་འབྲེལ་ནང་དུ་ཨ་རིའི་སྒོར་མོ་སྤྱོད་རྒྱུའི་ཚབ་ཏུ་སྒོར་མོ་གསར་པ་ཞིག་གསར་བཟོ་བྱས་པ་དང་། སྒོར་མོ་གཞན་ཞིག་ལ་རྒྱབ་སྐྱོར་བྱས་ན། བདམས་ཐོན་སྲིད་འཛིན་ཊོམ་གྱིས་རྒྱལ་ཁབ་དེ་དག་ནས་ཨ་རིར་ནང་འདྲེན་བྱེད་རྒྱུའི་དངོས་ཟོག་རྣམས་ལ་སྒོ་ཁྲལ་བརྒྱ་ཆ་༡༠༠ འགེལ་རྒྱུ་ཡིན་ཞེས་ཁོང་ཉིད་ཀྱི་(TrueSocial) ཞེས་པའི་བརྒྱུད་ལམ་ཐོག་སྤེལ་འདུག
རྒྱལ་ཁབ་ལྔ་ཡོད་པའི་བྷི་རི་སི་ཞེས་པའི་ཚོགས་པའི་ལྷན་ཚོགས་ཐེངས་དང་པོ་དེ་༢༠༠༩ ལོར་ཚོགས་ཡོད་པ་དང་། རིམ་པས་ཚོགས་པ་རྒྱ་བསྐྱེད་བཏང་ནས་ད་ལྟའི་ཆར་ཚོགས་ཁོངས་སུ་རྒྱལ་ཁབ་༡༠ ཡོད་པ་དང་། འཛམ་གླི་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་༤༥% དང་དཔལ་འབྱོར་གྱི་བརྒྱ་ཆ་༢༨% ་ཟིན་ཡོད་འདུག
དེ་སྔ་རྒྱལ་ཁབ་ཕན་ཚུན་ཚོང་འབྲེལ་སོགས་བྱེད་པའི་སྐབས་སུ། དབྱིན་ཡུལ་གྱི་དངུལ་(Pound) བེད་སྤྱོད་བྱེད་ཀྱི་ཡོད་ན་ཡང་། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་བ་ནས་བཟུང་། ཨ་སྒོར་ནི་རྒྱལ་ཁབ་ཕན་ཚུན་ཚོང་འབྲེལ་སོགས་བྱེད་པའི་དུས་སུ་བེད་སྤྱོད་བྱས་ནས་ད་ལྟའི་ཆར་འཛམ་གླིང་ཐོག་བེད་སྤྱོད་ཆེ་ཤོས་སུ་གྱུར་ཡོད་འདུག
རྒྱལ་ཁབ་མང་པོས་ཨ་སྒོར་བེད་སྤྱོད་བྱས་ནས་ཚོང་འབྲེལ་སོགས་བྱེད་བཞིན་ཡོད་པ་དང་བསྟུན། ཨ་རིས་རྒྱལ་ཁབ་གཞན་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་སོགས། ཨ་སྒོར་དེ་གོ་མཚོན་གྱི་ངོ་བོ་བསྒྱུར་ནས་རྒྱལ་ཁབ་གཞན་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་ཀྱི་ཡོད་འདུག ཨུ་རུ་སུས་ཕྱི་ལོ་༢༠༢༢ ལོར་ཡུག་རེན་ལ་བཙན་འཛུལ་བྱེད་པའི་སྐབས་སུ། ཨ་རིས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་ནས་ཨུ་རུ་སུས་ཨ་སྒོར་བེད་སྤྱོད་གཏོང་མི་ཐུབ་པ་བཟོས་ཤིང་། རྒྱ་གར་གྱིས་ཨུ་རུ་སུ་ནས་སྣུམ་ཉོས་པ་དང་། རྒྱ་ནག་དང་ཨུ་རུ་སུའི་བར་ཚོང་འབྲེལ་བྱེད་པའི་སྐབས། ཨ་སྒོར་མ་ཡིན་པ་རྒྱ་དངུལ་དང་ཧིན་སྒོར་བེད་སྤྱོད་གཏོང་དགོས་པ་ཆགས་ཡོད་འདུག ལྷག་པར་དུ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཨུ་རུ་སུ་ལ་དབང་བའི་ཨ་སྒོར་ཐེར་འབུམ་༣༠༠ ཙམ་བཀག་ཉར་བྱས་ནས་བེད་སྤྱོད་གཏོང་མི་ཐུབ་པ་བཟོས་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོས། ཊོམ་གྱི་སྐད་ཆ་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་དང་། སྒོ་ཁྲལ་དེས་ཨ་རིའི་ནང་གི་དངོས་ཟོག་གི་རིན་གོང་འཕར་ནས་མི་དམངས་ལ་དཀའ་ངལ་བཟོ་སྲིད་པ་དང་། ལྷག་པར་དུ་ཨ་རིའི་ཚོང་ཤག་གཞན་གྱིས་ཀྱང་འཁོན་ལན་སློག་སྲིད་པའི་ཉེན་ཁ་ཡོད་པ་རེད་ཅེས་བརྗོད་འདུག
ཨ་སྒོར་ནི་སྤྱོད་སྒོ་ཆེ་ཤོས་ཀྱི་དངུལ་ཞིག་ཡིན་ཡང་། དཔལ་འབྱོར་རིག་པ་བ་མང་པོས་ཨ་སྒོར་གྱི་གནས་བབས་སྲ་བརྟན་མིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༢༣ ལོར་བྷི་སི་རིའི་ལྷན་ཚོགས་ཐོག་ཚོང་འབྲེལ་བྱེད་པའི་སྐབས། ཨ་སྒོར་གྱི་ཚབ་ཏུ་རྒྱལ་ཁབ་སོ་སོའི་དངུལ་བེད་སྤྱོད་གཏོང་དགོས་པའི་བསམ་ཚུལ་བསླེབས་ཡོད་པ་དང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་སྣེ་ཁྲིད་པའི་བྷི་རི་སི་ཚོགས་པས་དངུལ་གསར་པ་ཞིག་བཟོ་ཐབས་བྱེད་བཞིན་ཡོད་ན་ཡང་། ད་ལྟའི་ཆར་ལེགས་གྲུབ་བྱུང་མེད་པ་རེད་འདུག
ཨ་སྒོར་གྱི་རིན་ཐང་ཇེ་ཆེ་རུ་ཕྱིན་ན། ཨ་རིར་ནང་འདྲེན་བྱས་པའི་དངོས་ཟོག་གི་རིན་གོང་ཆུང་དུ་གཏོང་གི་ཡོད་ན་ཡང་། ཨ་རིས་ཕྱིར་འདྲེན་བྱེད་རྒྱུའི་དངོས་ཟོག་གི་རིན་གོང་མཐོ་རུ་གཏོང་གི་ཡོད་པས། ཁྲོམ་རར་དངོས་ཟོག་འཚོང་མཁན་གྱི་བཟོ་གྲྭ་ཁག་ལ་དོ་ཕོག་དང་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། ཨ་རིའི་ནང་ལས་མེད་ཀྱི་དཀའ་ངལ་འཕྲད་སྲིད་པ། ཕྱོགས་གཞན་ནས་རྒྱལ་ཁབ་ཁ་ཤས་ཀྱིས་དངུལ་ལོར་གྱི་རིན་ཐང་ཆེད་མངགས་དམའ་རུ་བཏང་ནས་ཚོང་འབྲེལ་གྱི་ནུས་པ་ཤུགས་ཆེ་རུ་གཏོང་སྲིད་པ་རེད་འདུག ཨ་སྒོར་ནི་སྤྱོད་སྒོ་ཆེ་ཤོས་ཀྱི་དངུལ་ལོར་ཞིག་ཏུ་འགྱུར་བཞིན་ཡོད་ན་ཡང་། དེའི་གནས་བབ་རིམ་པས་ཤོར་སྲིད་པ་རེད་འདུག།
གསར་འགོད་པ། བློ་བཟང་རྒྱ་མ་ཚོ།