ཊོམ་གྱིས་འོས་བསྡུ་དུས་འགྱངས་ཀྱི་བསམ་ཚུལ་བཏོན་པར་དགག་བྱ་ཆེན་པོ་བྱུང་འདུག

 ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཐེངས་འདིའི་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་བསྡུ་དེ་སྦྲག་ཐོག་ནས་འོས་ཤོག་འཕེན་མཁན་མང་པོ་ཡོད་པས། དྲང་བདེན་མིན་པའི་གནས་ཚུལ་ལྷག་པའི་ཉེན་ཁ་ཆེན་པོ་ཡོད་པ་དང། འོས་བསྡུ་དུས་འགྱངས་བྱས་ན་བཟང་བ་ཡོད་པའི་བསམ་ཚུལ་བཏོན་སྐབས། སྤྱི་མཐུན་ཚོགས་པའི་འགོ་ཁྲིད་གཙོས་པའི་མི་མང་པོ་ཞིག་གིས་བསམ་ཚུལ་དེར་དགག་བྱ་ཆེན་པོ་བྱེད་བཞིན་འདུག 

དེ་ཡང་ཟླ་༧ པའི་ཚེས་༣༠ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། ཕྱི་ལོ་༢༠༢༠ ལོའི་འོས་བསྡུ་དེ་སྦྲག་ཐོག་ནས་འོས་འཕེན་བྱེད་རྒྱུ་ཡོད་པ་བཟོས་ཚེ། ལོ་རྒྱུས་ནང་འོས་བསྡུ་གཡོ་ཟོལ་དང་གྲུབ་དོན་ཏག་ཏག་མ་ཡིན་པ་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པ་རེད་དམ། དེས་ཨ་རིར་ངོ་ཚ་ཆེན་པོ་བཟོ་རྒྱུ་རེད། དེ་འདྲ་ཡིན་པས་མི་མང་གིས་བདེ་འཇགས་དང་བདེ་ཐང་ངང་དངོས་སུ་འོས་འཕེན་རྒྱུ་ཡོད་པ་མ་ཆགས་བར་དུ་འོས་བསྡུ་དུས་འགྱངས་བྱས་ན་གང་འདྲ་འདུག་གམ་ཞེས་བྲིས་ཡོད་འདུག འོན་ཀྱང་གསར་འགོད་ལྷན་ཚོགས་སྐབས་སུ་ཁོང་གིས་འོས་བསྡུ་དུས་འགྱངས་བྱེད་འདོད་མེད་པ་དང་དུས་ཐོག་ཏུ་འགྲོ་ན་དྲན་གྱི་ཡོད་ཀྱང་། སྦྲག་ཐོག་ནས་འོས་ཤོག་འཕངས་ཚེ། འོས་བསྡུའི་གྲུབ་འབྲས་དེར་དོགས་པ་དང་ཐེ་ཚོམས་ཆེན་པོ་སླེབས་རྒྱུ་ཡིན་པ། གཡོ་ཟོལ་ཅན་གྱི་འོས་བསྡུ་ཞིག་མཐོང་འདོད་མེད་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་སྤྱི་ཚོགས་དྲ་ལམ་ཏུ་སྦྲག་ཐོག་ནས་མི་མང་ཕོན་ཆེན་གྱིས་འོས་ཤོག་འཕེན་རྒྱུ་དེ་ལ་བརྟེན་ནས། ཕྱིའི་རྒྱལ་ཁབ་ཀྱིས་ཐེ་བྱུས་བྱེད་པའི་ཉེན་ཁ་ཡོད་སྐོར་བསྒྲགས་འདུག 

སྲིད་འཛིན་ཊོམ་གྱི་བསམ་ཚུལ་དེར་ཁོང་གི་སྲིད་དོན་ཚོགས་པ་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་དགག་བྱ་ཆེན་པོ་བྱས་འདུག དེ་ཡང་གྲོས་ཚོགས་གོང་མ་དང་འོག་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་གཉིས་པོས། ད་བར་ཨ་རིའི་ལོ་རྒྱུས་ནང་དམག་འཁྲུག་དང་དཔལ་འབྱོར་ཉམས་རྒུད་ཆེན་མོ། ནང་ཁུལ་དམག་འཁྲུག་སོགས་ཀྱི་དུས་སྐབས་སུ་ཡང་འོས་བསྡུ་དུས་འགྱངས་བྱེད་མྱོང་མེད་པ་དང་། ཐེངས་འདིར་ཟླ་༡༡ པའི་ཚེས་༣ ཉིན་འོས་བསྡུ་གོ་སྒྲིག་བྱེད་པའི་ཐབས་ལམ་བཙལ་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག 

ཏོག་དབྱིབས་ནད་དུག་ཁྱབ་གདལ་ལ་བརྟེན་ནས་ཨ་རིའི་མངའ་སྡེ་མང་པོ་ཞིག་གིས། སྦྲག་ཐོག་ནས་འོས་ཤོག་འཕེན་རྒྱུའི་ཆ་རྐྱེན་བསྐྲུན་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་པ་རེད་འདུག 

བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཞིག་གིས་དཔྱད་བརྗོད་བྱེད་དོན་ལ། ཨ་རིའི་འོས་བསྡུ་དུས་འགྱངས་བྱེད་པའི་དབང་ཚད་དེ་སྲིད་འཛིན་ལ་མེད་ཁར། གྲོས་ཚོགས་ལ་ཡོད་པ་དང་། གལ་ཏེ་ཁོང་གིས་དེ་ཤེས་ཀྱི་མེད་ན་ཉེ་འཁོར་ཞིག་གིས་འགྲེལ་བརྗོད་བྱས་ཟིན་ཡོད་ཤག་ཡིན་པ། དེ་བཞིན་ཊོམ་གྱིས་སྦྲག་ཐོག་ནས་འོས་འཕངས་ཚེ་འོས་བསྡུའི་གྲུབ་དོན་དྲང་བདེན་འབྱུང་མི་སྲིད་པ་སོགས་བསྟུད་མར་བརྗོད་ནས། ད་ལྟ་ནས་ཟླ་༡༡ པའི་འོས་བསྡུའི་གྲུབ་འབྲས་སུ་ཁོང་ལ་ཕམ་ཁ་བྱུང་ཚེ། གྲུབ་འབྲས་དེ་ཁས་ལེན་མི་བྱེད་པའི་རྨང་གཞི་འདིང་བཞིན་ཡོད་པ། དེ་བཞིན་སྤྱི་ཚོགས་དྲ་ལམ་ཐོག་གི་སྐད་ཆ་དེ་དག་ནི། ཉེ་ཆར་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཤིན་ཏུ་ཆེན་པོ་སོང་ཡོད་པའི་སྙན་ཐོ་དེའི་ཐོག་དོ་སྣང་གི་ཁ་ཕྱོགས་བསྒྱུར་ཆེད་ཡིན་པ། གང་ཡིན་ཟེར་ན་ཊོམ་གྱིས་སྲིད་འཛིན་གྱི་འོས་བསྡུར་རྒྱལ་ཁ་བསྐྱར་དུ་ཐོབ་ཆེད་དུ་དཔལ་འབྱོར་གྱི་གནས་སྟངས་དེ་གལ་ཆེན་པོ་འཛིན་བཞིན་ཡོད་སྐོར་བརྗོད་འདུག དེ་བཞིན་བྱེད་སྟངས་དེ་ནི་གདེང་འཇོག་ཡོད་པའི་འོས་མི་ཞིག་གི་བྱེད་སྟངས་མིན་པ་དང་། མུ་མཐུད་ནས་འུ་ཐུག་པའི་བྱ་སྤྱོད་མང་པོ་ཞིག་སྤེལ་ཡོང་བའི་བརྡ་ཡིན་སྲིད་སྐོར་བརྗོད་འདུག 

དེ་ཡང་ཨ་རིའི་འོས་བསྡུའི་ཉིན་མོ་འགྱུར་བ་གཏོང་བར། གྲོས་ཚོགས་གོང་འོག་གཉིས་ནས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་ཁར། གྲོས་ཚོགས་འོག་མ་དེ་མང་གཙོ་ཚོགས་པའི་སྟངས་འཛིན་འོག་ཡོད་པས། ཊོམ་གྱི་བསམ་ཚུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་ཡིན་འདུག དེ་བཞིན་ཨ་རིའི་རྩ་ཁྲིམས་མཁས་པ་ཞིག་གིས་བརྗོད་དོན་ལྟར་ན། གལ་ཏེ་འོས་བསྡུའི་ཚེས་གྲངས་དུས་འགྱངས་བྱེད་དགོས་ཚེ། རྩ་ཁྲིམས་བསྐྱར་བཅོས་བྱེད་དགོས་འཁེལ་རྒྱུ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།