ཊོམ་གྱིས་འོས་བསྡུའི་རྒྱལ་ཁའི་ཆེད་ཞི་ལ་རེ་བ་བརྒྱབ་ཡོད་སྐོར་ལ་སྐྱོན་བརྗོད་བྱས་འདུག
ཊོམ་སྲིད་གཞུང་གི་རྒྱལ་ཁབ་ཀྱི་བདེ་སྲུང་སློབ་སྟོན་ཟུར་པ་ཞིག་གིས་བྲིས་པའི་དེབ་གསར་པའི་ནང་དུ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་སྲིད་འཛིན་འོས་བསྡུར་བསྐྱར་དུ་རྒྱལ་ཁ་ཐོབ་ཆེད་དུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་རོགས་པ་དགོས་པའི་རེ་བ་བརྒྱབ་པ་དང་། དེ་བཞིན་འཛམ་གླིང་ནང་གི་སྲིད་དབང་སྒེར་གཅོད་པ་ཁག་ཅིག་དང་འབྲེལ་བའི་ཁྲིམས་འགལ་རྟོག་ཞིབ་རྣམས་བཀག་འགོག་བྱེད་ཐབས་བྱས་ཡོད་སྐོར་བརྗོད་འདུག་ཀྱང་། སྲིད་འཛིན་ཊོམ་གྱིས་དེབ་དེའི་ནང་གི་སྐད་ཆ་ཚང་མ་རྫུན་མ་ཡིན་སྐོར་གྱི་སྐྱོན་བརྗོད་བྱས་འདུག
ཟླ་༦ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་འོས་བསྡུ་སླེབས་པར་ཟླ་བ་༥ ལས་ལྷག་མེད་པའི་སྐབས་དེར། དེ་སྔོན་སྲིད་འཛིན་མང་པོ་ཞིག་གི་འོག་ཏུ་ལས་ཀ་བྱས་མྱོང་མཁན་དང་། ལྷག་པར་དུ་ད་ཡོད་ལས་ཁུར་སྲིད་འཛིན་ཌོ་ནལ་ཊོམ་གྱི་འོག་ཏུ་རྒྱལ་ཁབ་ཀྱི་བདེ་སྲུང་སློབ་སྟོན་པའི་ལས་འགན་ལོ་གཅིག་དང་ཕྱེད་ཀ་ལྷག་ཁུར་མྱོང་མཁན་ཇཱོན་བྷོལ་ཀྲོན་གྱིས་བྲིས་པའི་དེབ་གསར་པ་(The Room Where It Happened)ནང་དུ། སྲིད་འཛིན་ཊོམ་ལ་སྐྱོན་བརྗོད་ཚབས་ཆེན་མང་པོ་བྱས་ཡོད་འདུག་པ་དང་། དེབ་འདི་འགྲེམས་སྤེལ་མི་ཐུབ་པའི་ཆེད་དུ་ཨ་རིའི་དབུས་གཞུང་གི་ཁྲིམས་ཞིབ་ལྷན་ཁང་གིས་ཁྲིམས་ཁང་དུ་བདུན་ཕྲག་གཅིག་རིང་ཐེངས་གཉིས་ཙམ་ཞུ་གཏུག་བྱས་ཟིན་ཡོད་འདུག
སྲིད་འཛིན་ཊོམ་གྱི་འོག་ཏུ་ལས་ཀ་བྱེད་མྱོང་མཁན་དམའ་རིམ་ལས་བྱེད་མང་པོ་ཞིག་དང་དེ་བཞིན་གསར་འགོད་པ་ཁག་ཅིག་གིས། སོ་སོའི་ཉམས་མྱོང་དང་ཊོམ་གྱི་བྱེད་སྟངས་བྱེད་ལུགས་གསལ་སྟོན་བྱས་པའི་དེབ་ཁག་ཅིག་པར་སྐྲུན་བྱས་ནས་གླེང་རྙོག་ཆེན་པོ་བྱུང་ཡོད་པ་དང་། ཐེངས་འདིར་དེབ་འབྲི་མཁན་ཇཱོན་བྷོལ་ཀྲོན་ནི་མཐོ་རིམ་ལས་བྱེད་གཅིག་ཡིན་ཁར། དེ་སྔོན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གསུམ་གྱི་འོག་ཏུ་ལས་ཀ་བྱེད་མྱོང་མཁན་ཞིག་ཡིན་འདུག
དེབ་འདིའི་ནང་སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ། ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་དུ་འཚོ་གནས་གཙོ་བོ་ཞིང་ལས་ཡིན་མཁན་གྱི་མངའ་སྡེ་རྣམས་ནས་ཁོང་ལ་རྒྱབ་སྐྱོར་ཐོབ་ཆེད་དང་ཁོང་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་། རྒྱ་ནག་གིས་ཨ་རིའི་ཞིང་ལས་ཐོན་སྐྱེད་མང་པོ་ཉོ་རོགས་ཞེས་རོགས་པ་བརྒྱ་བ་ཡོད་སྐོར་དང་། ཞི་ཅིན་ཕིང་གིས་ཀྱང་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་གྲོས་མོལ་ནང་ཞིང་ལས་ཐོན་སྐྱེད་གལ་ཆེན་འཛིན་རྒྱུ་ཡིན་པའི་ལན་སྤྲད་ཡོད་སྐོར་འཁོད་ཡོད་འདུག དེ་བཞིན་ཊོམ་གྱིས་ཞི་ཅིན་ཕིང་ལ་སྲིད་འཛིན་ལས་ཡུན་དུས་བཀག་མེད་པ་དེར་རྒྱབ་སྐྱོར་གྱི་སྐད་ཆ་བཤད་ཡོད་པ། དེ་བཞིན་ཞི་ཅིན་ཕིང་གིས་ཡུ་གུར་ས་གནས་སུ་བཀག་ཉར་ཁང་འཛུགས་སྐྲུན་བྱེད་ཀྱི་ཡོད་སྐོར་བརྗོད་སྐབས། སྲིད་འཛིན་ཊོམ་གྱིས་དེ་ལྟར་བྱེད་པར་བསམ་ཤེས་ཐུབ་ཀྱི་ཡོད་པ་དང་དེ་ནི་བྱེད་སྟངས་འགྲིག་པ་ཡིན་པས། ལས་དོན་དེ་སྤེལ་དགོས་སྐོར་བརྗོད་ཡོད་འདུག
འོན་ཀྱང་སྲིད་འཛིན་ཊོམ་གྱི་ཚོང་འབྲེལ་གྲོས་མོལ་སྐུ་ཚབ་རཱོ་བྷེར་ཌེ་ཡིས། ཊོམ་གྱིས་རྒྱ་ནག་ལ་རེ་བ་བརྒྱབ་ཡོད་པའི་སྐད་ཆ་དེ་ནི་བདེན་པ་མིན་པ་དང་། སྐབས་དེར་ཁོ་རང་ཡང་དེ་གར་ཡོད་པས་དེ་འདྲ་བྱུང་བའི་དྲན་པ་གང་ཡང་མེད་སྐོར་བརྗོད་འདུག
དེབ་ནང་དུ་སྲིད་འཛིན་ཊོམ་གྱིས་རང་ཉིད་དགའ་མོས་བྱེད་ཡུལ་གྱི་དབང་ཆ་གཅིག་སྡུད་པའི་འགོ་ཁྲིད་ལ་རྒྱབ་སྐྱོར་ཆེད་དུ། ཁྲིམས་འགལ་རྟོག་ཞིབ་བཀག་འགོག་བྱེད་ཐབས་བྱས་ཡོད་པ་དང་། དེ་ཡང་ཏུར་ཀི་དང་རྒྱ་ནག་གི་ཚོང་ལས་ཁག་ཅིག་ཐོག་ཨ་རིའི་ནང་ཁྲིམས་འགལ་ནག་ཉེས་དང་འབྲེལ་ནས་རྟོག་ཞིབ་འགྲོ་བཞིན་སྐབས། དེ་དག་བཀག་འགོག་བྱེད་ཐབས་བྱས་ཡོད་སྐོར་དང་། མང་གཙོ་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་ཨ་རིའི་གྲོས་ཚོགས་འོག་མས། སྲིད་འཛིན་ཊོམ་ལ་ཉེས་འཛུགས་བྱས་སྐབས་སུ་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་གྱི་ཆེད་དུ་ལས་དོན་དེ་མྱུར་པོ་སྤེལ་ནས། ཊོམ་གྱིས་སྒེར་ལ་ཆབ་སྲིད་ཀྱི་ཁེ་ཕན་ཐོབ་ཆེད་དུ་ཏུར་ཀི་དང་རྒྱ་ནག་གི་ཚོང་ལས་ཁང་ལ་རྟོག་ཞིབ་ལ་ཐེ་བྱུས་བྱས་ཡོད་པའི་ཐད་སྣང་མེད་བཏང་བ་དེ་ནི་ནོར་འཁྲུལ་ཡིན་སྐོར་བརྗོད་ཡོད་འདུག
དེ་བཞིན་དེབ་འདིའི་ནང་དུ་སྲིད་འཛིན་ཊོམ་གྱིས་དབྱིན་ཡུལ་དེ་རྡུལ་མཚོན་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཡིན་པ་ཤེས་ཀྱི་མེད་པ་དང་། ཧྥིན་ལན་ཌ་རྒྱལ་ཁབ་དེ་ཨུ་རུ་སུའི་འོག་ཏུ་ཡོད་པ་རེད་དྲན་ཡོད་པ་སོགས་དང་། ཊོམ་གྱི་ལས་རོགས་ཚོས་རྒྱབ་ཏུ་ཊོམ་ལ་ཡིད་ཐང་ཆད་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་སོགས་སྲིད་འཛིན་ཊོམ་ལ་སྲིད་འཛིན་ལ་ཚང་དགོས་པའི་ཆ་རྐྱེན་མེད་ཚུལ་མང་པོ་ཞིག་འཁོད་ཡོད་འདུག
དེབ་དེ་ཟླ་༦ པའི་ཚེས་༢༣ ཉིན་དངོས་སུ་འགྲེམས་སྤེལ་བྱེད་རྒྱུ་ཡིན་འདུག་པ་དང་། ད་ལྟའི་ཆར་དྲ་ཐོག་ཚོང་ལས་ཁང་ཨེ་མན་ཛོན་ཐོག་ཏུ་སྔོན་ཚུད་ནས་མངགས་ཉོ་བྱེད་མཁན་མང་པོ་བྱུང་ནས། དེབ་མང་ཤོས་ཚོང་མཁན་དེ་ཆགས་ཡོད་འདུག ཚེས་༡༦ ཉིན་ཊོམ་སྲིད་གཞུང་གིས་ཁྲིམས་ཁང་དུ་ཛ་དྲག་གིས་ཞུ་གཏུག་བརྒྱབ་ནས། དེབ་འདིའི་ནང་གསང་བའི་གནས་ཚུལ་མང་པོ་ཞིག་ཡོད་པས་འགྲེམས་སྤེལ་བྱེད་མི་ཆོག་པ་བཟོ་དགོས་སྐོར་བརྗོད་འདུག་ཀྱང་། ཁྲིམས་ཐོག་ཆེད་ལས་པ་ཁག་ཅིག་གིས་དེབ་དེ་འགྲེམས་སྤེལ་བཀག་འགོག་བྱེད་ཐུབ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།