ཊོམ་གྱིས་རྒྱ་ནག་གི་ཐག་གཅོད་དེ་ཟླ་འདིའི་ཚེས་༨ བར་ཕྱིར་འཐེན་མ་བྱས་ཚེ་སླར་ཡང་སྒོ་ཁྲལ་བརྒྱ་ཆ་༥༠ སྤར་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱལ་ཁབ་བརྒྱ་ལྷག་གི་དངོས་ཟོག་ཐོག་ཏུ་སྒོ་ཁྲལ་བཀལ་བར་བརྟེན། རྒྱལ་ཁབ་མང་པོས་གྲོས་མོལ་ཡོང་ཐབས་ལ་འབད་བཞིན་ཡོད་ན་ཡང་། རྒྱ་ནག་གིས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་སྤར་ནས་ཡ་ལན་བསློགས་པས། སྲིད་འཛིན་ཊོམ་གྱིས་རྒྱ་ནག་གི་ཐག་གཅོད་དེ་ཕྱིར་འཐེན་མ་བྱས་ཚེ། མུ་མཐུད་སྒོ་ཁྲལ་བརྒྱ་ཆ་༥༠ སྤར་རྒྱུའི་ཉེན་བརྡ་བཏང་བ་སོགས། འཛམ་གླིང་ཐོག་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་བར་སླར་ཡང་ཚོང་དམག་ཡོང་ཉེན་གྱི་དངངས་སྐྲག་ཆེ་རུ་འགྲོ་བཞིན་ཡོད་འདུག

པར། Firstpost

ཟླ་འདིའི་ཚེས་༢ ཉིན། ཨ་རིས་རྒྱ་གར་ནས་ནང་འདྲེན་བྱེད་བཞིན་པའི་དངོས་ཟོག་ཡོངས་རྫོགས་ཐོག་སྒོ་ཁྲལ་བརྒྱ་ཆ་༢༦ བཀལ་རྗེས། རྒྱ་གར་གྱིས་སྒོ་ཁྲལ་དེའི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱེད་བཞིན་ཡོད་ཅེས་བརྗོད་འདུག མིང་བརྗོད་འདོད་མེད་མཁན་གྱི་གཞུང་ཞབས་ཤིག་གིས་གསར་འགོད་པར་གསང་བའི་ཐོག་ནས་རྒྱ་གར་གྱིས་ཨ་རིའི་སྒོ་ཁྲལ་གསར་པར་ལན་སློག་རྒྱུའི་ཚབ་ཏུ། ཕྱོགས་གཉིས་ཀྱི་ཚོང་འབྲེལ་གྲོས་མཐུན་ཞིག་ལ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་དང། ཕྱི་ཟླ་༢ པའི་ནང་། རྒྱ་གར་དང་ཨ་རི་གཉིས་ཀྱིས་ཚོང་ཁྲལ་གྱི་རྩོད་རྙོག་སེལ་ཆེད་ལོ་འདིའི་སྟོན་ཁར་ཚོང་དོན་གྲོས་བསྡུར་བྱེད་རྒྱུའི་ཐག་གཅོད་བྱས་ཡོད་པར་བརྗོད་འདུག

ཊོམ་སྲིད་གཞུང་གིས་ཝེ་ཐེ་ནམ་ལ་སྒོ་ཁྲལ་བརྒྱ་ཆ་༤༦ བཀལ་ཡོད་པར་བརྟེན། བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན། ཝེ་ཐེ་ནམ་གྱི་སྲིད་བློན་གཞོན་པས་ཨ་རིའི་གཞུང་ཚབ་མི་སྣ་དང་ཐུག་འཕྲད་བྱས་ནས། རྒྱལ་ཁབ་གཉིས་བར་གྲོས་མོལ་བྱེད་བཞིན་པ་དང་བསྟུན། སྒོ་ཁྲལ་ལག་བསྟར་བྱེད་རྒྱུ་ཕར་འགྱངས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཝེ་ཐེ་ནམ་ནས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་མེད་པ་བཟོ་འདོད་ཡོད་པར་བརྗོད་འདུག  ནིའུ་ཡོག་དུས་བབ་གསར་ཁང་གིས་བརྗོད་གསལ་ལྟར་ན། ཝེ་ཐེ་ནམ་དམར་ཤོག་ཚོགས་པའི་འགོ་ཁྲིད་ཊོ་ལམ་(To Lam) གྱིས་ཕྱི་ཟླ་༤ ཚེས་༥ ཉིན། ཉུང་མཐར་ཉིན་གྲངས་༤༥ རིང་སྒོ་ཁྲལ་ལག་བསྟར་བྱེད་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

ཨ་རིས་ཐའེ་ཝན་གྱི་དངོས་ཟོག་ཐོག་སྒོ་ཁྲལ་བཀལ་ཡང་། ཐའེ་ཝན་སྲིད་འཛིན་གྱིས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་འཕར་མ་འགེལ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་མ་ཟད། ཁོང་གིས་ཊོམ་སྲིད་གཞུང་དང་གྲོས་མོལ་བྱས་ནས་ཕྱོགས་གཉིས་བར་ཚོང་ཁྲལ་མེད་པ་བཟོ་འདོད་ཡོད་པར་བརྗོད། ལྷག་པར་དུ་ཐའེ་ཝན་གྱིས་ཨ་རིའི་ནང་མ་འཇོག་གི་ཚད་གཞི་མཐོ་རུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པའི་གནས་ཚུལ་རོའུ་ཊར་གསར་ཁང་ཐོག་སྤེལ་འདུག

དེ་བཞིན་ཊོམ་སྲིད་གཞུང་གིས་ཡུ་རོབ་མཐུན་ཚོགས་ནས་ནང་འདྲེན་བྱས་པའི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༢༠ བཀལ་ཡོད་ན་ཡང་། ཨི་ཊ་ལི་དང་སི་པན་རྒྱལ་ཁབ་གཉིས་ཀྱིས་ཡུ་རོབ་ཀྱི་སྲིད་གཞུང་ཁག་ལ་ཨ་རི་དང་འགལ་ཟླ་ཡོང་རྒྱུ་སྤང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཊོམ་སྲིད་གཞུང་གིས་རྒྱལ་ཁབ་ཁྱོན་བསྡོམས་༡༨༠ ལྷག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༡༠ ནས་༥༠ བར་བཀལ་ཡོད་འདུག་པ་དང་། ད་ལྟའི་ཆར་རྒྱལ་ཁབ་མང་ཆེ་བས་ཨ་རི་དང་གྲོས་མཐུན་ཡོང་རྒྱུ་ལ་འབད་བརྩོན་བྱེད་བཞིན་ཡོད་ན་ཡང་། རྒྱ་ནག་གིས་ཨ་རིའི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༣༤ འགེལ་རྒྱུ་ཡིན་ཞེས་བསྒྲགས་ནས་ལན་བསློགས། རྒྱ་ནག་གིས་ལན་བསློགས་པར་སྲིད་འཛིན་ཊོམ་གྱིས་ཐག་གཅོད་དེ་ཟླ་འདིའི་ཚེས་༨ བར་ཕྱིར་འཐེན་མ་བྱས་ཚེ། རྒྱ་ནག་གི་དངོས་ཟོག་ཚང་མའི་ཐོག་སྒོ་ཁྲལ་སླར་ཡང་བརྒྱ་ཆ་༥༠ སྤར་རྒྱུ་དང་། ཚེས་༩ ཉིན་ནས་སྒོ་ཁྲལ་འགེལ་རྒྱུའི་ལག་བསྟར་བྱེད་རྒྱུ། རྒྱ་ནག་གི་རེ་བ་ལྟར་ཕྱོགས་གཉིས་བར་ཐུག་འཕྲད་ཀྱིས་གྲོས་བསྡུར་བྱེད་འཆར་ཡོད་པ་དེ་ཡང་མཚམས་འཇོག་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་འདུག

རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་ཨ་རིའི་བྱ་སྤྱོད་དེ་ནི་ནོར་འཁྲུལ་ནང་གི་ནོར་འཁྲུལ་ཆེ་ཤོས་དེ་ཡིན་པ་དང་ཨ་རིའི་བཙན་སྐུལ་གྱི་རང་གཤིས་གསལ་སྟོན་བྱེད་ཀྱི་ཡོད་པ་དང་། གལ་ཏེ་ཨ་རིས་མུ་མཐུད་ལག་བསྟར་བྱས་ཚེ། རྒྱ་ནག་གིས་མཐར་མ་ཐུག་བར་དུ་འཐབ་རྒྱུ་ཡིན་ཞེས་ཨ་རིའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ཉེན་བརྡ་བཏང་འདུག

བདུན་ཕྲག་འདིའི་ནང་། ཨ་རི་དང་རྒྱ་ནག་གཉིས་ཀས་ཚོང་ཁྲལ་ཆེན་པོ་འགེལ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་དེས། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་གཉིས་ཀྱི་བར་ཚོང་དམག་བསྐྱར་དུ་ལང་རྒྱུའི་དངངས་སྐྲག་ཆེ་རུ་གཏོང་བཞིན་ཡོད་པ་དང་། ལོ་འདིའི་འགོ་སྟོད་དུ་ཨ་རིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༢༠ བཀལ་ཡོད་པའི་ཐོག ཟླ་འདིའི་ཚེས་༢ ཉིན། བརྒྱ་ཆ་༣༤ བཀལ་ཡོད་པར་བརྟེན། གལ་སྲིད་ཊོམ་གྱིས་བརྗོད་པ་ལྟར། ད་དུང་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་༥༠ སྣོན་ཚེ། ཁྱོན་བསྡོམས་རྒྱ་ནག་གི་དངོས་ཟོག་སྟེང་སྒོ་ཁྲལ་བརྒྱ་ཆ་༡༠༤ འགེལ་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།