ཊོམ་གྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྲིད་དོན་ཉེས་ཆད་གཅོད་རྒྱུའི་བཀའ་རྒྱ་ལ་མཚན་རྟགས་བཀོད་འདུག

སྲིད་འཛིན་ཊོམ་གྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཨ་རི་དང་ཨི་སི་རེལ་གྱི་ཐོག་རྟོག་ཞིབ་བྱེད་པའི་ཁྲིམས་ལུགས་ཀྱི་དབང་ཚད་མེད་པ་དང་། ཁྲིམས་ཁང་དེ་ཨི་སི་རེལ་གྱི་སྲིད་བློན་ལ་སྲིད་དོན་ཉེས་ཆད་བཀལ་བ་ནི་དབང་ཆ་ལོག་སྤྱོད་ཡིན་པར་བརྗོད་ནས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྲིད་དོན་ཉེས་ཆད་གཅོད་རྒྱུའི་བཀའ་རྒྱ་ལ་མཚན་རྟགས་བཀོད་ཡོད་འདུག

པར། བྷི་བྷི་སི།

ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་གྱིས་གྷ་རྫ་འི་ཁུལ་ལ་གཏོར་རྒོལ་བྱས་ནས་མི་སྟོང་ཕྲག་མང་པོ་བསད་ཡོད་པར་བརྟེན། ན་ནིང་ཕྱི་ཟླ་༡༡ པའི་ནང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨི་སི་རེལ་གྱི་སྲིད་བློན་དང་རྒྱལ་སྲུང་བློན་ཆེན་གཉིས་ཀྱིས་དམག་འཁྲུག་གི་ནག་ཉེས་བསགས་ཡོད་པས། ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་གསལ་བསྒྲགས་སྤེལ་ཡོད་པ་དང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨི་སི་རེལ་ཐོག་ལ་རྟོག་ཞིབ་བྱས་པའི་རྒྱུ་མཚན་གྱིས། ཟླ་འདིའི་ཚེས་༦ ཉིན། ཨ་རིའི་སྲིད་འཛིན་ཊོམ་གྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཆད་པ་གཅོད་རྒྱུའི་བཀའ་རྒྱ་ལ་མཚན་རྟགས་བཀོད་ཡོད་འདུག

བཀའ་རྒྱའི་ནང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཨི་སི་རེལ་གཉིས་ཀྱི་ཐོག ཁྲིམས་མཐུན་མིན་པ་དང་གཞི་རྩ་མེད་པའི་བྱ་སྤྱོད་སྤེལ་ཡོད་པ་དང་། ཨི་སི་རེལ་གྱི་སྲིད་བློན་དང་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་གཞི་རྩ་མེད་པའི་ངང་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཏང་ནས་དབང་ཆ་ལོག་སྤྱོད་བྱས་ཡོད་པ་རེད། ཨ་རི་དང་ཨི་སི་རེལ་གཉིས་ཀྱི་ཐོག་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ཁྲིམས་ལུགས་ཀྱི་དབང་ཚད་མེད་ཅེས་བཀོད་ཡོད་འདུག

ཟླ་འདིའི་ཚེས་༤ ཉིན་སྲིད་འཛིན་ཊོམ་དང་ཨི་སི་རེལ་གྱི་སྲིད་བློན་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་དང་། ཚེས་༥ ཉིན་ཨི་སི་རེལ་གྱི་སྲིད་བློན་གྱིས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྗེས། ཊོམ་གྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྲིད་དོན་ཉེས་ཆད་འགེལ་རྒྱུའི་བཀའ་རྒྱ་ལ་མཚན་རྟགས་བཀོད་ཡོད་འདུག

སྲིད་དོན་གྱི་ཉེས་ཆད་དེའི་ཁོངས་སུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ལས་བྱེད་ཚོའི་རྒྱུ་ནོར་བཀག་སྡོམ་བྱེད་རྒྱུ་དང་། ལས་བྱེད་དང་ཁོང་ཚོའི་ནང་མི་བཅས་ཨ་རིར་འགྲོ་བསྐྱོད་མི་ཆོག་པ་བཟོ་རྒྱུ་བཅས་ཚུད་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། ཊོམ་གྱི་བཀའ་རྒྱ་དེས་ཁྲིམས་ཁང་གི་ལས་དོན་ལ་འགོག་རྐྱེན་བཟོ་སྲིད་པ་དང་། རྒྱལ་སྤྱིའི་གནད་དོན་གཞན་ཐོག་ཨ་རིས་འབད་བརྩོན་བྱེད་བཞིན་པའི་ལས་དོན་དག་དང་འགལ་ཟླ་གྱུར་ཡོད་པར་བརྗོད་འདུག དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་གིས་ཀྱང་། སྲིད་འཛིན་ཊོམ་གྱི་ཐག་གཅོད་ལ་འགག་བྱ་བྱས་ཡོད་འདུག

ཊོམ་སྲིད་འཛིན་གྱི་དུས་ཡུན་དང་པོའི་རིང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨ་རིའི་དམག་དཔུང་གིས་ཨབ་གྷ་ནི་སི་ཐན་ནང་དམག་དོན་ནག་ཉེས་བསགས་ཡོད་མེད་ཐོག་ལ་རྟོག་ཞིབ་བྱས་པར་བརྟེན། ཊོམ་གྱིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ལས་བྱེད་ཚོ་ལ་སྲིད་དོན་ཉེས་ཆད་བཅད་ཡོད་ཀྱང་། སྲིད་འཛིན་བྷ་ཌན་གྱི་སྐབས། ཉེས་ཆད་དེ་དག་མེད་པ་བཟོས་ཡོད་འདུག སྤྱིར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་༡༢༥ ཡོད་ན་ཡང་། ཨ་རི་དང་ཨི་སི་རེལ་གཉིས་ནི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཚོགས་མི་མིན་པ་མ་ཟད། རྒྱལ་ཁབ་དེ་གཉིས་ཀྱིས་ཁྲིམས་ཁང་ལ་ངོས་འཛིན་ཡང་བྱེད་ཀྱི་མེད་པ་རེད་འདུག

ཟླ་འདིའི་ཚེས་༧ ཉིན་བྷི་བྷི་སི་གསར་ཁང་གིས་ཕྱི་ལོ་༢༠༢༣ ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་བློ་བུར་དུ་ཨི་སི་རེལ་ལ་བཙན་འཛུལ་གྱིས་གཏོར་རྒོལ་བྱས་ནས་མི་གྲངས་༡༢༠༠ ཙམ་བསད་ཅིང་། མི་གྲངས་༢༥༡ འཛིན་བཟུང་བྱས་ནས་བཙན་ཁྲིད་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ཨི་སི་རེལ་གྱིས་ཧ་མ་སིའི་དྲག་དཔུང་གི་ལྟེ་གནས་གྷ་རྫ་འི་ཁུལ་དུ་གནམ་ས་གཉིས་ནས་གཏོར་རྒོལ་བྱས་ཏེ་ད་བར་མི་གྲངས་༤༧,༥༥༠ ལྷག་བསད་ཅིང་། མི་གྲངས་༡༡༡,༦༠༠ ཙམ་རྨས་སྐྱོན་བཏང་ཡོད་པར་བརྗོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༤ ཉིན་ཨ་རི་སྲིད་འཛིན་ཊོམ་གྱིས། རྒྱལ་ཚོགས་ལ་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་ཡིད་ཆེས་བརྟན་པོ་ཡོད། ཡིན་ཡང་། ད་ལྟ་ནུས་པ་ལ་དཔག་པའི་ལས་དོན་སྒྲུབ་ཀྱི་མི་འདུག་ཅེས་བརྗོད་ནས། ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་བཀའ་རྒྱ་ལ་མཚན་རྟགས་བཀོད་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་ཉེས་སེལ་རོགས་རམ་ལས་ཁུངས་ཀྱིས་ཧ་མ་སི་དྲག་དཔུང་ལ་དངུལ་གྱི་རོགས་རམ་བྱེད་ཀྱི་ཡོད་པར་བརྗོད་ནས་ཨ་རིའི་རོགས་དངུལ་ཡོངས་རྫོགས་འགོག་རྒྱུའི་གསལ་བསྒྲགས་བཏང་འདུག ཊོམ་གྱིས་གསལ་བསྒྲགས་བཏང་ནས་ཉིན་གཅིག་གི་རྗེས་སུ། ཨི་སི་རེལ་གྱིས་ཨ་རི་ལྟར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་མཉམ་ཞུགས་བྱེད་རྒྱུ་མིན་ཞེས་བརྗོད་ཡོད་འདུག

སྤྱིར་ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུ་དེ་ཐེངས་དང་པོ་མ་ཡིན་པར། ཕྱི་ལོ་༢༠༡༨ ལོར། ཊོམ་སྲིད་འཛིན་གྱི་དུས་ཡུན་དང་པོའི་སྐབས་སུ་ཡང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ནས་ཕྱིར་འཐེན་བྱས་ཡོད་ན་ཡང་། ཕྱི་ལོ་༢༠༢༡ ལོར་བྷ་ཌན་སྲིད་གཞུང་སྐབས། ཨ་རི་སླར་ཡང་ལྷན་ཚོགས་སུ་ཞུགས་ཡོད་འདུག

གཞན་ཡང་། ཊོམ་སྲིད་གཞུང་གིས་ཨ་རིའི་རོགས་ཚོགས་ཀྱི་ལས་དོན་རྣམས་ཟླ་བ་གསུམ་གྱི་རིང་ལས་མཚམས་བཞག་ནས་བསྐྱར་ཞིབ་བྱེད་བཞིན་པ་ལྟར། ཟླ་འདིའི་ཚེས་༦ ཉིན་འབྲེལ་ཡོད་མི་སྣ་བཞིས་སྲིད་འཛིན་ཊོམ་གྱིས་ཨ་རིའི་རོགས་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་ལས་བྱེད་༡༠༠༠༠ ལྷག་ཡོད་པའི་ནང་ནས་ལས་བྱེད་༣༠༠ ལས་ཉུང་བའི་བར་བསྙུང་རྒྱུའི་འཆར་གཞི་ཡོད་པ་རོའུ་ཊར་གསར་ཁང་ལ་བརྗོད་འདུག ཁོང་ཚོས་ཨ་ཧྥི་རི་ཀ་ལ་ལས་བྱེད་པ་༡༢ དང་། ཨེ་ཤེ་ཡ་ལ་ལས་བྱེད་༨ གཙོས་ཁྱོན་ལས་བྱེད་༢༩༤ ཤུལ་དུ་འཇོག་རྒྱུ་རེད་ཅེས་བརྗོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།