ཊོམ་གྱིས་ཨ་རི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་མཚན་རྟགས་བཀོད་འདུག

དེ་སྔོན་རྒྱ་ནག་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་དུས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྟངས་འཛིན་ཡག་པོ་མ་བྱས་པ་དང་། ནུས་པ་ཡག་པོ་འདོན་ཐུབ་མེད་པའི་རྐྱེན་གྱིས་འཛམ་གླིང་གང་སར་ནད་ཡམས་ཁྱབ་ནས་མི་ས་ཡ་མང་པོ་ཤི་བ་དང་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་པ་ལས་དྲང་པོ་བྱས་མེད་ཚུལ་བརྗོད་ནས་ཨ་རིའི་སྲིད་འཛིན་གསར་པ་ཊོམ་གྱིས་ཨ་རི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱས་ཡོད་འདུག
ཕྱི་ཚེས་༢༡ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༢༠ ཉིན་ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོམ་གྱི་སྲིད་འཛིན་དམ་འབུལ་མཛད་སྒོ་འཚོགས་ཡོད་པ་དང་། ཉིན་དེ་རང་ལ་མ་འོངས་ལས་འཆར་དང་འབྲེལ་བའི་སྲིད་བྱུས་ཁག་མང་པོ་ཞིག་ལ་མཚན་རྟགས་བཀོད་ཡོད་འདུག སྲིད་བྱུས་དེ་དག་གི་ཁྲོད་ནས་ཨ་རི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ནས་ཕྱིར་འཐེན་བྱེད་རྒྱུའི་སྲིད་བྱུས་དེ་ལ་ཡང་མཚན་རྟགས་བཀོད་ཡོད་འདུག དེ་སྔོན་ཊོམ་གྱི་སྲིད་འཛིན་དུས་ཡུན་དང་པོའི་སྐབས་སུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་འདུག་ཀྱང་། སྲིད་འཛིན་གྱི་དུས་ཡུན་རྫོགས་ནས་ཕྱིས་སུ་སྲིད་འཛིན་ཟུར་པ་ཇོ་བྷ་ཌན་གྱིས་ཨ རི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་མི་བྱེད་རྒྱུ་བྱས་ཡོད་འདུག་ཅིང་། ཨ་རིས་ལོ་རེར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཨ་སྒོར་ཐེར་འབུམ་༦་༨ ཙམ་སྤྲོད་ཀྱི་ཡོད་པ་རྣམས་མུ་མཐུད་དུ་སྤྲོད་རྒྱུའི་ཆོག་མཆན་སྤྲད་ཡོད་འདུག
འོན་ཀྱང་། ད་ཆར་ཊོམ་སྲིད་འཛིན་བསྐྱར་དུ་ཆགས་ཡོད་པར་བརྟེན། ཕྱི་ཚེས་༢༠ ཉིན་ཊོམ་གྱིས་ཨ་རི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་སྲིད་བྱུས་ལ་མཚན་རྟགས་བཀོད་ཟིན་ཡོད་འདུག་ཅིང་། ཨ་རི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་དོན་ནི་འདས་པའི་ལོ་ཤས་སྔོན་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་དུས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ངོས་ནས་སྟངས་འཛིན་ཡག་པོ་མ་བྱས་པ་དང་། རྒྱ་ནག་གི་ཕྱོགས་སུ་ཕྱིན་ནས་ལས་དོན་ཡག་པོ་བྱས་མེད་པའི་སྐྱོན་བརྗོད་བྱས་ཏེ་ཨ་རི་ཕྱིར་འཐེན་བྱེད་རྒྱུ་ཡིན་པར་བརྗོད་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་མཁས་པ་ཚོས་ཨ་རི་ཕྱིར་འཐེན་བྱས་པ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་འཕྲོད་བསྟེན་ལ་གནོད་པ་མ་ཟད། ཨ་རིའི་མི་མང་གི་འཕྲོད་བསྟེན་ལ་མཇུག་འབྲས་ངན་པ་ཡོང་གི་རེད་ཅེས་རྗོད་མཁན་ཡོད་འདུག
(Ashish Jha)ཟེར་བའི་ཇོ་བྷ་ཌན་སྐབས་སུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་ཨ་རིའི་བར་འབྲེལ་མཐུད་བྱེད་མཁན་ཞིག་གིས། ཨ་རི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེ་འཛམ་གླིང་མི་མང་གི་འཕྲོད་བསྟེན་ལ་གནོད་པ་མ་ཟད་། ཨ་རི་ཡིས་འཛམ་གླིང་ཐོག་འགོ་འཁྲིད་རྒྱུའི་ནུས་པ་ལ་ཡང་གནོད་ཀྱི་རེད་ཅེས་བརྗོད་ཡོད་འདུག ཡང་མཁས་པ་འགའ་ཤས་ཀྱིས་ཨ་རི་ཕྱིར་འཐེན་བྱས་པ་དེ་ཡི་མཇུག་འབྲས་སུ་འཛམ་གླིང་ནང་དུག་སྦྲང་ལས་བྱུང་བའི་ན་ཚ་(malaria)འདར་ཚད་ནད་རིགས་དང་། གློ་ནད་ཊི་བི། གཉན་ནད་རེག་དུག་སོགས་ཀྱི་ནད་རིགས་རྣམས་འཕེལ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་འདུག གཙོ་བོ་ཨ་རི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་དོན་ནི་ཨ་རིས་ལོ་རེ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་མ་དངུལ་བརྒྱ་ཆ་ལྔ་ཆ་གཅིག་སྤྲོད་ཀྱི་ཡོད་འདུག་པར་བརྟེན། དེ་དག་བཀག་འགོག་བྱེད་ཆེད་དུ་ཡིན་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།