ཊོམ་གྱིས་ཨ་རིའི་ནང་སྐད་འཕྲིན་དང་ཊིག་ཊོག་བཀག་སྡོམ་བྱེད་རྒྱུའི་བཀའ་ཁྱབ་བཏང་འདུག
ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པའི་རྣམ་པ་ཐོན་གྱི་ཡོད་པའི་སྐབས་དེར། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་ནང་རྒྱ་ནག་གི་མཉེན་ཆས་སྐད་འཕྲིན་དང་ཊིག་ཊོག་གཉིས་བདག་གཉེར་བྱེད་མཁན་ཚོང་ལས་ཁང་གཉིས་དང་ཚོང་ལས་བྱེད་ཆོག་གི་མེད་པའི་བཀའ་ཁྱབ་བཏང་འདུག་པ་དང་། དེ་ལ་བརྟེན་ནས་མཉེན་ཆས་དེ་གཉིས་ཨ་རིའི་ནང་བཀག་སྡོམ་ཆགས་རྒྱུ་ཡིན་འདུག
ཟླ་༨ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༦ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཉིན་གྲངས་༤༥ ཡི་རྗེས་སུ། ཨ་རིའི་ནང་རྒྱ་ནག་གི་ཚོང་ལས་ཁང་ཆེ་གྲས་གཉིས་དང་ཚོང་ལས་གང་ཡང་བྱེད་ཆོག་གི་མེད་པའི་བཀའ་ཁྱབ་བཏང་ཡོད་པ་དང་། བཀའ་ཁྱབ་དེའི་ནང་ཚོང་ལས་ཁང་དེ་གཉིས་ཀྱིས་བདག་གཉེར་བྱེད་བཞིན་པའི་མཉེན་ཆས་སྐད་འཕྲིན་དང་ཊིག་ཊོག་གཉིས་ཀྱིས། བཀོལ་སྤྱོད་པའི་ཞིབ་ཕྲའི་གནས་ཚུལ་སོགས་གསོག་འཇོག་བྱེད་ཀྱི་ཡོད་པས། གལ་ཆེའི་གནས་ཚུལ་དེ་རིགས་རྒྱ་ནག་གཞུང་གིས་ལོག་སྤྱོད་བྱས་ཏེ། ཨ་རིའི་གཞུང་གི་ལས་བྱེད་སོགས་ལ་གནོན་ཤུགས་སྤྲོད་ཆེད་བྱེད་སྲིད་པ་དང་། དེ་བཞིན་ཊིག་ཊོག་མཉེན་ཆས་ནང་དུ་གནས་ཚུལ་རྫུན་མ་མང་པོ་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་གྱི་ཡོད་པས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཡང་ཉེན་ཁ་ཡོད་སྐོར་བསྒྲགས་ཡོད་འདུག
དེ་བཞིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་འདས་པའི་ཉིན་ཤས་ནང་གལ་ཏེ་ཨ་རིའི་ནང་གི་ཊིག་ཊོག་མཉེན་ཆས་ཚོང་ལས་ཁང་དེའི་བདག་དབང་དེ། ཨ་རིའི་ཚོང་ལས་ཁང་ལ་བཙོང་ན་མ་གཏོགས་ཟླ་༩ པའི་ཚེས་༡༥ རྗེས་ལ་མཉེན་ཆས་དེ་བཀག་སྡོམ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་རེད་འདུག ཁོང་གིས་གལ་ཏེ་མཉེན་ཆས་དེ་ཨ་རིའི་ཚོང་ལས་ཁང་ལ་བཙོངས་ཚེ། ཚོང་འབྲེལ་དེ་ལས་དངུལ་མི་ཉུང་བ་ཞིག་ཨ་རིའི་གཞུང་གི་དངུལ་མཛོད་ལ་སྤྲོད་དགོས་སྐོར་བརྗོད་འདུག་པས། སྐད་ཆ་དེ་ནི་ཁྲིམས་གང་གི་ནང་དུ་ཡང་མེད་པ་རེད་འདུག་པས། སྐྱོན་བརྗོད་བྱེད་མཁན་ཁག་ཅིག་བྱུང་འདུག
ཐེངས་འདིར་སྲིད་འཛིན་ཊོམ་གྱིས་སྐད་འཕྲིན་དང་ཊིག་ཊོག་ཐོག་གི་བཀའ་ཁྱབ་དེ་བཏང་རྗེས། སྐད་འཕྲིན་མཉེན་ཆས་བདག་གཉེར་བྱེད་མཁན་ཚོང་ལས་ཁང་(Tencent)གི་མ་རྐང་རིན་ཐང་དེ་བརྒྱ་ཆ་༧ ཙམ་མར་ཆག་འདུག དེ་བཞིན་རྒྱ་ནག་གི་འཕྲུལ་རིགས་ཚོང་ལས་ཁག་ཅིག་གི་མ་རྐང་རིན་ཐང་ཡང་མར་ཆག་ཡོད་པ་རེད་འདུག
བདུན་ཕྲག་འདིའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པཱོམ་པཱི་ཡིས། ཊོམ་སྲིད་གཞུང་གིས་ཡིད་ཆེས་བྱེད་མི་རུང་བའི་རྒྱ་ནག་གི་མཉེན་ཆས་རྣམས། ཨ་རིའི་ནང་བཀག་སྡོམ་བྱེད་འདོད་ཡོད་སྐོར་བརྗོད་འདུག
རྒྱ་གར་ནང་དུ་ཡང་རྒྱ་ནག་མཉེན་ཆས་སྐད་འཕྲིན་དང་ཊེག་ཊོག་གཙོས་པའི་མང་པོ་ཞིག་བཀག་སྡོམ་བྱས་ཟིན་ཡོད་པ་དང་། དེ་ལ་བརྟེན་ནས་ཚོང་ལས་ཁང་དེ་ཚོར་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།