ཊོམ་དང་ཀེམ་གཉིས་སེང་གྷ་པུར་ལ་ཐུག་རྒྱུ་བྱས་འདུག

རྒྱལ་སྤྱིའི་ནང་ངང་སྒུག་ཆེན་པོ་བྱེད་བཞིན་པའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇན་ཨན་གཉིས་ཟླ་༦ པའི་ཚེས་༡༢ ཉིན་ཆབ་སྲིད་ཐོག་ནས་བར་གནས་ཡིན་པའི་སེང་གྷ་པུར་རྒྱལ་ཁབ་ཏུ་ཐུག་གཏན་འཁེལ་ཡོད་འདུག

ཟླ་༥ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱུན་གཏན་ནས་གལ་ཆེའི་གསལ་བསྒྲགས་ཁག་ཅིག སྤྱི་ཚོགས་དྲ་ལམ་ཊུ་ཊུར་ཐོག་ཏུ་ཁྱབ་བསྒྲགས་བྱེད་སྲོལ་ཡོད་པ་ལྟར། ཐེངས་འདིར་ཟླ་༥ པའི་ཚེས་༡༠ ཉིན་ཁོང་གིས་ཊུ་ཊུར་ཐོག་ཏུ། ངང་སྒུག་ཆེན་པོ་བྱེད་བཞིན་པའི་ཁོང་དང་ཀེམ་ཇོང་ཨན་གྱི་ཐུག་འཕྲད་དེ་ཟླ་༦ པའི་ཚེས་༡༢ ཉིན་སེང་གྷ་པུར་འཚོག་རྒྱུ་རེད། ཁོང་གཉིས་ནས་འཛམ་གླིང་གི་ཞི་བདེའི་ཆེད་དུ་ཐུག་འཕྲད་དེ་གྲུབ་འབྲས་ཐོན་པ་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་བཀོད་འདུག

ཀེམ་དང་ཊོམ་གྱི་ཐུག་འཕྲད་དུ་དངོས་སུ་བྱུང་ཚེ། ཨ་རིའི་སྲིད་འཛིན་ལས་ཁུར་བ་ཞིག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཅིག་ཐུག་འཕྲད་བྱུང་བ་ཐེངས་དང་པོ་ཆགས་རྒྱུ་ཡིན་འདུག

ཨ་རིའི་མཐོ་རིམ་དཔོན་རིགས་ཚོས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་དང་། ཕྱི་སོག་སོགས་ལ་ཚོགས་འདུ་དེ་གོ་སྒྲིག་བྱ་རྒྱུའི་བསམ་བློ་བཏང་ཡོད་འདུག་ཀྱང་། མཐའ་མ་དེར་ཆབ་སྲིད་དང་ས་ཆའི་གནས་བབ་གཉིས་ཀྱི་ཐོག་ནས་བར་གནས་རྒྱལ་ཁབ་ཡིན་མཁན་སེང་གྷ་པུར་བདམས་ཡོད་འདུག་པ་དང་། སེང་གྷ་པུར་གྱི་ཕྱི་སྲིད་ལས་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ནས། ཁོང་གཉིས་ཀྱི་ཐུག་འཕྲད་དེ་གོ་སྒྲིག་བྱ་རྒྱུར་དགའ་བསུ་ཡོད་སྐོར་བརྗོད་འདུག་པ་དང་། སེང་གྷ་པུར་གྱི་སྲིད་བློན་ལཱི་སེན་ལོང་གིས་ཐུག་འཕྲད་དེ་ནི་ཞི་བདེའི་ཆེད་དུ་གོམ་པ་གལ་ཆེན་ཞིག་ཡིན་པས། དེ་གྲུབ་འབྲས་ཐོན་པའི་རེ་བ་ཡོད་སྐོར་བརྗོད་འདུག

དེ་སྔོན་སྲིད་འཛིན་ཊོམ་གྱིས་ཕྱོགས་གཉིས་བར་གྱི་ཐུག་འཕྲད་དེ་དངོས་སུ་བྱུང་སྲིད་ཀྱང་། གྲུབ་འབྲས་ཐོན་མིན་ཐེ་ཚོམས་ཡིན་སྐོར་བརྗོད་ཡོད་ཀྱང་། ཉེ་ཆར་བྱང་ཀོ་རི་ཡས་ཨ་རིའི་མི་སེར་གསུམ་གློད་གྲོལ་བཏང་ཡོད་པས། ཊོམ་གྱིས་ཐུག་འཕྲད་དེར་རེ་བ་ཆེན་པོ་མཐོང་གི་ཡོད་སྐོར་བརྗོད་ཡོད་འདུག

བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་ལས་གཞི་ལ་བརྟེན་ནས། ཨ་རི་གཙོས་པའི་མཉམ་འབྲེལ་རྒྱལ་ཁབ་དང་ཡུ་རོབ་མཐུན་ཚོགས་སོགས་ཀྱིས། རྒྱལ་ཁབ་དེར་དཔལ་འབྱོར་གྱི་ཉེས་ཆད་བསྟུད་མར་བཏང་ཡོད་པ་མ་ཟད། སྲིད་འཛིན་ཊོམ་གྱིས་དམག་འཁྲུག་གི་སྡིགས་ར་ཐེངས་མང་བྱས་ཡོད་པ་རེད་དེ། དངོས་སུ་ཐད་ཀར་གདོང་ཐུག་གང་ཡང་བྱུང་མེད་པ་རེད། རྗེས་སུ་ཕྱི་ལོ་༢༠༡༨ ལོའི་འགོ་སྟོད་དུ། བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡ་དང་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་འདོད་པ་ཡོད་པའི་རྣམ་འགྱུར་བསྟན་ནས། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ལྷོ་བྱང་ཀོ་རི་ཡ་གཉིས་རྒྱལ་དར་གཅིག་གི་འོག་ཏུ་མཉམ་ཞུགས་བྱས་ཡོད་པ་དང་། ཟླ་༤ པའི་ཚེས་༢༧ ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་དངོས་སུ་ཐུག་འཕྲད་བྱས་ཏེ། ཕན་ཚུན་དམག་འཁྲུག་མི་རྒྱག་པའི་གྲོས་མཐུན་བཞག་ནས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་ཡར་རྒྱས་ཀྱི་རྣམ་པ་ཐོན་ཡོད། འོན་ཀྱང་བྱང་ཀོ་རི་ཡས་རྡུལ་མཚོན་གྱི་ལས་གཞི་མཚམས་འཇོག་གམ་རྡུལ་མཚོན་རྩ་མེད་བཟོ་མི་སྲིད་པའི་དོགས་པ་བྱེད་མཁན་མང་པོ་ཡོད་པ་ལྟར། འབྱུང་འགྱུར་ཨ་རིའི་སྲིད་འཛིན་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་ཀྱི་ཐུག་འཕྲད་ནས། བྱང་ཀོ་རི་ཡའི་རྡུལ་མཚོན་གྱི་གནད་དོན་དེ་གསལ་པོ་ཆགས་སྲིད་པ་དང་། དེ་བཞིན་ཉེ་ཆར་ཊོམ་གྱིས་དེ་སྔོན་ཨི་རན་དང་བཞག་པའི་རྡུལ་མཚོན་གྲོས་མཐུན་དེ་རྨང་གཞི་ནས་སྐྱོན་ཆ་ཡོད་སྐོར་བརྗོད་ནས། མཐུན་ཕྱོགས་རྒྱལ་ཁབ་ཁག་གི་རེ་སྐུལ་ལ་མ་ལྟོས་པར། གྲོས་མཐུན་ནས་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་པར་གཞིགས་ནས། སྲིད་འཛིན་ཊོམ་གྱིས་བྱང་ཀོ་རི་ཡའི་རྡུལ་མཚོན་གྱི་ལས་གཞི་དེར་ལྟ་བ་མཁྲེགས་བཟུང་བྱས་ནས་གྲུབ་འབྲས་ཐོན་མིན་ཚོད་དཔག་བྱེད་དཀའ་བ་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།