ཊོམ་དང་ར་ཡུག་གི་དམག་འཁྲུག
(བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༡༠༤༩ ཡི་ཆེད་བརྗོད།)
ར་ཤི་ཡ་དང་ཡུག་རེན་གྱི་དམག་འཁྲུག་འགོ་བཙུགས་ནས་མི་ལོ་གསུམ་ལྷག་འདས་ཟིན། ཐོག་མ་དམག་འཁྲུག་འགོ་འཛུགས་སྐབས་ར་ཤི་ཡའི་འཆར་གཞི་བཞིན་བདུན་ཕྲག་ཁ་ཤས་ནང་ཡུག་རེན་ཡོངས་རྫོགས་དབང་བསྒྱུར་བྱེད་ངེས་ཡིན་པ་རྒྱལ་སྤྱིའི་སྟེང་ནས་ཚོད་དཔག་དང་འགྲེལ་བརྗོད་བྱས་ཡོད། དཔེར་ན་ཨ་རིས་ཡུག་རེན་གྱི་སྲིད་འཛིན་ཛི་ལེན་སི་ཀེ་ཨ་རིར་སྐྱབས་བཅོལ་དུ་ཡོང་ན་སྲུང་སྐྱོང་བྱ་རྒྱུ་ཡིན་ཚུལ་དང་། འཇར་མི་ནིས་ཡུག་རེན་ལ་ཉེན་སྲུང་ཞྭ་མོ་གང་འཚམས་ཤིག་སྤྲད་པ་ལྟ་བུ་ལས། རྒྱལ་སྤྱིའི་སྟེང་ནས་ཡུག་རེན་ལ་དུས་ཐོག་དགོས་ངེས་དང་ནུས་ཤུགས་ལྡན་པའི་རོགས་སྐྱོར་བྱ་རྒྱུའི་གདེང་ཚོད་རྙེད་མེད། འོན་ཀྱང་དོན་དངོས་སུ་ཡུག་རེན་གྱིས་ར་ཤི་ཡར་དྲག་པོའི་དམག་གིས་གདོང་ལེན་ཤུགས་ཆེ་བྱས་ནས་ར་ཤི་ཡ་བྱ་དཀའ་བྱེད་གཏད་དུ་བསྒྱུར་བར་བརྟེན། རེ་བ་གསར་པ་ཞིག་རྙེད་དེ་ཨ་རི་དང་ཡུ་རོབ་སོགས་ནས་ཡུག་རེན་ལ་དམག་དོན་དང་དཔལ་འབྱོར་གྱི་རོགས་སྐྱོར་བྱས་ཀྱང་། ནུས་ཤུགས་ལྡན་པའི་གོ་མཚོན་ཐོན་གསར་དག་གིས་རོགས་སྐྱོར་བྱས་མེད།
ཨ་རི་དང་ཡུ་རོབ་ཀྱི་གོ་མཚོན་དག་གིས་ཡུག་རེན་གྱི་ས་ཁོངས་བརྒལ་མི་ཆོག་པའི་བཀག་རྒྱ་ཡང་བཟོས། དམག་འཁྲུག་ལོ་གཉིས་སོང་རྗེས་ཐོན་གསར་གོ་མཚོན་གྱིས་རོགས་རམ་སྔར་ལྷག་བྱས་པ་དང་། ཡུག་རེན་གྱི་ས་ཁོངས་བརྒལ་ནས་གཏོར་རྒོལ་བྱེད་ཆོག་པའི་ཆོག་མཆན་སྤྲད་ཀྱང་། དུས་དེར་ར་ཤི་ཡས་ཡུག་རེན་ཤར་ཕྱོགས་གཙོ་བོར་གྱུར་པའི་ས་ཁོངས་བརྒྱ་ཆ་༢༠ ཙམ་བཙན་འཕྲོག་བྱས་ཟིན། ཌོ་ནལ་ཊོམ་སྲིད་འཛིན་དུ་སླེབས་རྗེས་ཡུག་རེན་ལས་ར་ཤི་ཡར་རྒྱབ་སྐྱོར་ཆེ་བའི་རྣམ་འགྱུར་བསྟན་པ་དང་། ཡུག་རེན་གྱི་སྲིད་འཛིན་ཕོ་བྲང་དཀར་པོར་ཕེབས་སྐབས་སྲིད་འཛིན་བགྲེས་གཞོན་གྱིས་རུབ་བརྒྱབ་ནས་ཁ་རྡུང་དང་འབྲེལ། སྲིད་འཛིན་ཇའོ་བྷེ་ཌན་སྐབས་ཡུག་རེན་ལ་རོགས་སྐྱོར་བྱས་པ་དག་ཀྱང་ཕྱིར་སློག་དགོས་ཞེས་ནན་བཤད་བྱས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁ་ཤས་ཀྱིས་ཀྱང་ཡུག་རེན་གྱི་སྲིད་འཛིན་ལ་ཁ་རྡུང་དྲག་པོ་བཏང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་སུ་ཡུག་རེན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་ལའང་ཨ་རིས་རྒྱབ་སྐྱོར་བྱས་མེད།
ཡུག་རེན་གྱི་རྩ་ཆེའི་གཏེར་རྫས་ཨ་རིར་བུ་ལོན་དུ་སྤྲོད་དགོས་པ་དང་། དེའི་ལྷག་མ་རྣམས་བཙོང་དགོས་པའི་གནོན་ཤུགས་སྤྲད་ནས་ཁས་ལེན་མི་བྱེད་ཐབས་མེད་དུ་བསྒྱུར། ར་ཤི་ཡས་ཨ་རིའི་བཀའ་བཀོད་དང་ལེན་མི་བྱེད་པའི་གནས་སྟངས་ཤེས་པ་དང་། ཡུག་རེན་དུ་ཡོད་པའི་རྩ་ཆེའི་གཏེར་རྫས་ཨ་རིར་རག་ཟིན་རྗེས་ར་ཡུག་དམག་འཁྲུག་གི་བར་འདུམ་ཨ་རིས་བྱ་རྒྱུ་མིན་པར་ཕྱིར་ཐོན་ཟིན་ཅེས་བསྒྲགས་ཀྱང་། ཉེ་ཆར་ར་ཡུག་གཉིས་ཀྱི་སྐུ་ཚབ་ཏུར་ཀེའི་རྒྱལ་སར་ཐུག་འཕྲད་བྱས་རྗེས། ཊོམ་གྱིས་པུ་ཊིན་ལ་ཁ་པར་བཏང་ཚུལ་དང་། ར་ཡུག་གི་དམག་འཁྲུག་མཚམས་འཇོག་བྱས་ན་ཨ་རིས་ར་ཤི་ཡ་དང་མཉམ་དུ་ཚོང་འབྲེལ་རྒྱ་ཆེ་བྱ་རྒྱུ་ཡིན་ཚུལ་བསྒྲགས། སྔོན་མ་རྩོད་རྙོག་ཆེ་ཁག་ལ་ཨ་རིས་ཐེ་བྱུས་བྱས་ན་ཐག་གཅོད་ཐུབ་པར་ཁེ་ཕན་ཡོད་ཀྱང་། ཊོམ་སྲིད་གཞུང་གིས་དེའི་བར་ནས་ཨ་རི་ལ་ཁེ་བཟང་ཞིག་རག་ཐབས་ཁོ་ན་ལས་དམིགས་ཡུལ་རྒྱ་ཆེན་པོ་གཞན་གང་ཡང་མེད་པས། ར་ཤི་ཡར་བཟང་ཕྱོགས་ཀྱི་འབྲེལ་བ་ཐུབ་ཆེད་ཡུག་རེན་ཚོང་རྫས་སུ་བརྩི་རྒྱུའི་ཉེན་ཁ་ཆེན་པོ་ཡོད།
ཨ་རིས་ཡུག་རེན་ལ་སྔོན་ལྟར་རོགས་རམ་བྱེད་ཀྱི་མེད་པས། ཊོམ་སྲིད་གཞུང་གིས་ར་ཡུག་གཉིས་ཀྱི་དམག་འཁྲུག་ལ་ཐེ་བྱུས་བྱས་ན་ཕན་ཐོགས་རྒྱུའི་རེ་བ་ཧ་ལམ་མེད་པར། མ་འོངས་པར་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་དང་། ཡུ་རོབ་མཐུན་ཚོགས་བཅས་སུ་འཛུལ་ཞུགས་མི་ཆོག་པ་མ་ཟད། ར་ཤི་ཡས་བཙན་འཕྲོག་བྱས་པའི་ས་ཁུལ་ཁག་ར་ཤི་ཡར་སྤྲོད་ཐབས་བྱེད་སྲིད་ལ། ར་གཞུང་གི་ཆ་རྐྱེན་བཞིན་མ་འོངས་པར་ཡུག་རེན་དམག་དོན་གྱི་ནུས་ཤུགས་གང་ཡང་མེད་པ་ཞིག་ཏུ་བསྒྱུར་རྒྱུར་ཊོམ་སྲིད་གཞུང་གིས་གནོན་ཤུགས་སྤྲོད་མི་སྲིད་པ་མ་རེད། དེ་ལྟར་བྱས་ནས་གནས་སྐབས་དམག་མཚམས་འཇོག་ཐུབ་ཙམ་ཡོང་སྲིད་ཀྱང་། ཡུན་རིང་མ་འགོར་བར་ཡུག་རེན་ཡོངས་རྫོགས་ར་ཤིའི་བཙན་བཟུང་བྱ་རྒྱུ་ཉག་གཅིག་ཡིན་པས། དེ་བས་ཡུ་རོབ་ཀྱིས་ཡུག་རེན་ལ་དམག་དོན་གྱིས་རོགས་སྐྱོར་བྱེད་བཞིན་པ་དག་བྱ་རྒྱུ་ལས། ཨ་རིས་ཐེ་བྱུས་བྱ་རྒྱུ་ནི་ཡུག་རེན་ལ་མཚོན་ན་ཉེན་ཁ་ལས་ཁེ་ཕན་ཞིག་མ་རེད་ཅེས་བཤད་ཀྱང་ད་ལྟའི་ཆར་མི་འགྲིག་པ་མེད་པ་ལྟ་བུར་གྱུར་ཡོད།
མདོར་ན་ད་ལྟའི་ཆར་ཊོམ་སྲིད་གཞུང་ནི་མིག་སྔའི་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་ལ་བསམ་བློ་གཏོང་མཁན་ཙམ་ཞིག་ཡིན་པས། ཨ་རི་དང་འབྲེལ་བ་ཐད་ཀར་མེད་པའི་རྒྱལ་སྤྱིའི་རྩོད་རྙོག་རིགས་ལ་ཐེ་བྱུས་བྱ་རྒྱུ་མང་དྲགས་ན། ཉམ་ཆུང་དང་ནུས་མེད་དག་ལ་གྱོང་སྤྲད་རྒྱུ་ཉག་གཅིག་ཡིན་པ་དང་། དེ་རིང་བཤད་པ་སང་ཉིན་འགྱུར་འགྲོ་གི་ཡོད་པས། ཕན་ཐོགས་ཅུང་ཡོད་པའི་ཐག་གཅོད་ཅིག་བྱེད་ཐུབ་པའི་དབང་དུ་བཏང་ཡང་། ཆ་འཇོག་དང་ངེས་གཏན་གང་ཡང་མེད་པར་འགྱུར་ངེས་རེད། དེ་ནི་ད་ལྟའི་གནས་སྟངས་ཙམ་མ་ཡིན་པར་སྔོན་མ་ཡུག་རེན་དུ་ཡོད་པའི་རྡུལ་ཕྲན་མཚོན་ཆ་རྣམས་ཨ་རིས་འགན་ཁུར་ནས་ར་ཤི་ཡར་སྤྲད་དུ་བཅུག་པ་དང་། ཡུག་རེན་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཨ་རི་དང་ར་ཤི་ཡ་གཉིས་ཀྱིས་བྱ་རྒྱུ་ཁས་ལེན་གྱི་ཆིངས་ཡིག་བཞག་ཡོད་ཀྱང་། ར་ཤི་དང་ཨ་རི་གཉིས་ཀ་ཁ་དན་ཚིག་ལ་མ་གནས་པར་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། བོད་དོན་ཡང་དེ་མཚུངས་བཞིན་བོད་པ་རང་གི་ཁེ་ཕན་ཁོ་ན་དང་བསྟུན་དགོས་པ་དེ་རིམ་བཞིན་ར་འཕྲོད་ཐུབ་དགོས།།