ཊོམ་དང་རྒྱ་ནག་བར་ཚོང་དམག་བརྒྱབ་ན་རྒྱ་ནག་ལ་གྱོང་གུན་ཕོག་སྲིད།

ཟླ་འདིའི་ཚེས་༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ལ་རྒྱལ་ཁ་ཐོབ་པ་དེས་ཕྱོགས་གཉིས་བར་གྱི་ཚོང་དམག་ཇེ་སྡུག་ཏུ་གཏོང་སྲིད་པས་རྒྱ་ནག་གིས་སེམས་ཁྲལ་བྱེད་བཞིན་ཡོད་འདུག

པར། CNN

ཕྱི་ལོ་༢༠༡༩ ལོར་ཨ་རི་དང་ཚོང་དམག་གི་དཀའ་ངལ་འཕྲད་པ་སོགས་ལ་བརྟེན། རྒྱ་ནག་གི་དཔལ་འབྱོར་འཕར་ཚད་དེ་༦།༠ ཙམ་མ་གཏོགས་བྱུང་མེད་པ་ནི་འདས་པའི་ལོ་ངོ་༣༠ ཙམ་གྱི་ནང་དཔལ་འབྱོར་འཕར་ཚད་དམའ་ཤོས་སུ་གྱུར། དུས་དེ་ནས་བཟུང་། རྒྱ་ནག་གི་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་ཕྱིན་ཡོད་པ་མ་ཟད། རྒྱ་གཞུང་གིས་ལོ་འདིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་༥།༠ བཟུང་ཡོད་འདུག གལ་སྲིད་ཊོམ་དང་རྒྱ་ནག་བར་ཚོང་དམག་གསར་པ་ཞིག་བྱུང་ཚེ། རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་ཕོག་སྲིད་པ་རྒྱ་གར་གྱི་(Firstpost) ཞེས་པའི་གསར་ཁང་གིས་བརྗོད་འདུག

ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ན། ཨ་རིས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ཐེངས་འགའ་བརྗོད་ཡོད་མ་ཟད། སྲིད་འཛིན་གྱི་དུས་ཡུན་རིང་། ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་མང་པོས་གོ་མཚོན་བཙོང་། ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་འཛིན་ཟུར་པ་ཊོམ་ལ་རྒྱལ་ཁ་ཐོབ་པར། ཐའེ་ཝན་སྲིད་འཛིན་གྱིས་འཚམས་འདྲི་ཞུས། ཡིན་ཡང་། ཊོམ་གྱིས་འོས་བསྡུ་དྲིལ་བསྒྲགས་བྱེད་པའི་སྐབས། ཨ་རིས་ཐའེ་ཝན་ལ་སྲུང་སྐྱོབ་བྱེད་དགོས་ན། ཐའེ་ཝན་གྱིས་ཨ་རིར་སྲུང་སྐྱོབ་བྱེད་གླ་སྤྲད་དགོས་ཞེས་བརྗོད་ཡོད་པས། ཊོམ་གྱིས་ཐའེ་ཝན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་མིན་ནི་ཐེ་ཚོམ་ཟ་དགོས་པ་ཞིག་ཏུ་གྱུར་ཡོད་འདུག

གཞན་ཡང་། ཊོམ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་ནེ་ཊོ་(NATO) ཡི་སྤྱི་ཁྱབ་དྲུང་ཆེ་གསར་པ་མར་ཁེས་(Mark Rutte) འཚམས་འདྲི་ཞུས་ཞིང་། ནེ་ཊོའི་སྟོབས་ཤུགས་རྒྱུན་འཁྱོངས་བྱེད་པར་ཊོམ་གྱི་ལམ་སྟོན་གལ་ཆེན་ཡིན་པ་དང་། ཊོམ་དང་ལྷན་དུ་ལས་དོན་མཉམ་སྒྲུབ་བྱ་རྒྱུར་ངང་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་འདུག ཡིན་ཡང་། རྒྱ་གར་གྱི་(Firstpost) གསར་ཁང་གིས་བརྗོད་གསལ་ལྟར་ན། ཊོམ་གྱིས་ཡུ་རོབ་རྒྱལ་ཁབ་ཚོས་ཨ་རིའི་ཐོག་ཁེ་ཕན་ལེན་གྱི་ཡོད་པ་དང་དམག་གི་འགྲོ་གྲོན་གཏོང་གི་མེད་པ་སོགས་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། དེ་སྔ་ཁོང་ཉིད་སྲིད་འཛིན་ཡིན་པའི་སྐབས། ཨ་རི་(ཨ་རིས་འགོ་ཁྲིད་པའི་དམག་དོན་སྒྲིག་འཛུགས) ནེ་ཊོ་ནས་ཕྱིར་འཐེན་བྱེད་རྒྱུའི་འཇིགས་སྐུལ་བྱས་ཡོད་འདུག འཇིགས་སྐུལ་དེར་བརྟེན། ཡུ་རོབ་རྒྱལ་ཁབ་ཚོས་ཚོགས་པའི་ནང་འགྲོ་གྲོན་གཏོང་རྒྱུ་མང་དུ་བཏང་ཡོད་པ་དང་། ཡུ་རོབ་ཀྱི་བདེ་འཇགས་དང་སྲུབ་སྐྱོབ་ཀྱི་ཐོག་ལ་སེམས་ཁྲལ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་འདུག

ཨ་རིའི་གཞུང་གིས་མཐུན་གྲོགས་རྒྱལ་ཁབ་ཚོ་གལ་ཆེན་བརྩིས་ནས་འདེམས་ཐོན་སྲིད་འཛིན་གྱིས་རྒྱལ་ཁ་ཐོབ་པར་དང་འབྲེལ་བ་བྱེད་སྲོལ་ཡོད་པ་དང་། དེ་སྔར་སྲིད་འཛིན་བྷ་ཌན་ལ་རྒྱལ་ཁ་ཐོབ་དུས། ཧྥ་རན་སི་དང་ཁེ་ན་ཌ། འཇར་མན་སོགས་ཀྱི་འགོ་ཁྲིད་ཚོ་དང་བཀའ་མོལ་གནང་ནས་ཉིན་གྲངས་བཅུ་ཙམ་ཕྱིན་པའི་རྗེས། རྒྱ་གར་གྱི་སྲིད་བློན་ལ་བཀའ་མོལ་གནང་ཡོད་པར་བརྗོད་འདུག ཡིན་ཡང་། ཊོམ་ནི་མཐུན་གྲོགས་རྒྱལ་ཁབ་ཚོ་ལ་དགའ་མཁན་ཞིག་མ་ཡིན་པ། ཨེ་ཤེ་ཡའི་ནང་མཐུན་གྲོགས་ཇེ་མང་དུ་གཏོང་འདོད་ཡོད་མཁན་ཞིག་ཡིན་པ་དང་། སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པའི་ཉིན་དང་པོར་རྒྱ་གར་གྱི་སྲིད་བློན་དང་བཀའ་མོལ་གནང་ཡོད་པ་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།