ཊོམ་དྲག་སྐྱེད་བྱུང་ནས་འོས་བསྡུ་དྲིལ་བསྒྲགས་ལས་འགུལ་ལ་བསྐྱར་དུ་ཞུགས་འདུག

 ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཏོག་དབྱིབས་ནད་དུག་ཕོག་ཕ་ར་འཕྲོད་བྱུང་ནས་ཉིན་གྲངས་༡༡ ལས་སོང་མེད་ནའང་། ནད་ལས་དྲག་སྐྱེད་བྱུང་ནས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ལ་བསྐྱར་དུ་ཞུགས་འདུག ད་ལྟའི་ཆར་ཨ་རིའི་སྲིད་འཛིན་འོས་བསྡུ་སླེབས་པར་ཟླ་བ་གཅིག་མ་ཟིན་ཙམ་ཡོད་པ་དང་། རྒྱལ་ཡོངས་བསམ་ཚུལ་བསྡུ་ལེན་ཁག་གི་གྲུབ་དོན་དུ་ཊོམ་ལ་ཕམ་ཁ་འབྱུང་སྲིད་པ་རེད་འདུག 

ཟླ་༡༠ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཊོམ་གྱིས་སྲིད་འཛིན་གྱི་འོས་བསྡུར་གལ་གནད་ཆེ་ཤོས་ཀྱི་མངའ་སྡེ་ཁག་ཏུ་དམིགས་ནས། དྲིལ་བསྒྲགས་ལས་འགུལ་སྤེལ་མགོ་བཙུགས་ཡོད་འདུག དེ་ཡང་མངའ་སྡེ་དེ་དག་ལས་སྐབས་རེ་མང་གཙོ་ཚོགས་པ་དང་། སྐབས་རེ་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཀྱི་ཡོད་པས། སྔོན་ཚུད་ནས་ཚོད་དཔག་བྱེད་རྒྱུ་ཁག་པོ་ཡོད་རྐྱེན། སྲིད་འཛིན་གྱི་འོས་བསྡུར་རྒྱལ་ཁ་ཐོབ་པར་གལ་ཆེ་ཤོས་ཆགས་ཀྱི་ཡོད་པ་རེད།

དེ་ཡང་སྲིད་འཛིན་ཊོམ་ཏོག་དབྱིབས་ནད་དུག་ནས་དྲག་སྐྱེད་བྱུང་རྗེས། ཐོག་མར་ཧྥེ་ལོ་རི་ཌ་མངའ་སྡེར་འོས་བསྡུའི་དྲིལ་བསྒྲག་ལས་འགུལ་སྤེལ་འདུག་པ་དང་། མངའ་སྡེ་དེའི་ནང་རྒྱལ་ཁ་ཐོབ་ཚེ་ཨ་རིའི་གྲོས་ཚོགས་འོས་བསྡུ་ལམ་ལུགས་ཀྱི་འོས་གྲངས་༢༩ ཐོབ་ཀྱི་ཡོད་འདུག་པས། འོས་གྲངས་མང་ཤོས་དྲུག་གི་ནང་དུ་ཚུད་ཀྱི་ཡོད་འདུག 

སྲིད་འཛིན་ཊོམ་གྱིས་གཏམ་བཤད་སྐབས་སུ། ཁོང་གི་ཁ་གཏད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་ལ་སྐྱོན་བརྗོད་བྱས་ཡོད་འདུག་པ་དང་། རང་ཉིད་ནས་ཨ་རིའི་མཁའ་དམག་གསར་འཛུགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་རྙིང་ཞེན་པའི་ཁྲིམས་དཔོན་གཉིས་བསྐོ་གཞག་ཐུབ་ཡོད་ཁར། གཅིག་བསྐོ་གཞག་གི་བརྒྱུད་རིམ་འགྲོ་བཞིན་ཡོད་པ་སོགས་ནི་གྲུབ་འབྲས་ཆེ་ཤོས་གྲས་ཡིན་སྐོར་བརྗོད་འདུག 

ཁོང་གི་དྲིལ་བསྒྲགས་ལས་འགུལ་སུ་ཁ་རས་མ་གྱོན་མཁན་མི་མང་ཤིན་ཏུ་མང་པོ་ཡོད་འདུག་པ་དང་། སྐྱོན་བརྗོད་བྱེད་མཁན་ཚོས་ཊོམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་ཏོག་དབྱིབས་ནད་དུག་བཀག་འགོག་ཆེད་དུ་ཁ་རས་དང་གཟབ་ནན་བྱེད་པའི་རེ་སྐུལ་གང་ཡང་བྱེད་ཀྱི་མེད་པ་དེ་ནི། འགན་ཁུར་མེད་པའི་བྱེད་སྟངས་ཤིག་ཡིན་པར་སྐྱོན་བརྗོད་བསྟུད་མར་བྱེད་བཞིན་འདུག མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་གྱིས་ཀྱང་ཊོམ་གྱི་སྣང་མེད་ཀྱི་བྱ་སྤྱོད་དེར་སྐྱོན་བརྗོད་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།